ཚོགས་པ་གསུམ་གྱིས་༧གོང་ས་མཆོག་ལ་བརྟན་བཞུགས་བསྟར་འབུལ་ཞུས་སོང་།


བོད་ཀྱི་གཞོན་ནུ་ལྷན་ཚོགས་དང་། ཡུ་རོབ་བོད་རིགས་ཚོགས་པ་ཁག་ཅིག ཨོ་སི་ཀྲེ་ལི་ཡའི་རྒྱལ་ཡོངས་བོད་རིགས་མཐུན་ཚོགས་བཅས་ཚོགས་པ་གསུམ་གྱིས་དེ་རིང་ཕྱི་ཟླ་༡༠ ཚེས་༨ ཉིན་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་༧གོང་ས་མཆོག་ལ་བརྟན་བཞུགས་བསྟར་འབུལ་ཞུས་སོང་།

པར། བོད་ཀྱི་བང་ཆེན།

སྐབས་དེར་ཚོགས་པ་སོ་སོ་ནས་ཚོགས་མི་དང་སྐུ་ཚབ་མི་མང་མང་པོ་ཕེབས་གནང་འདུག་ལ། རྡ་སའི་ཉེ་འཁོར་གྱི་སེར་སྐྱ་མི་མང་མང་པོ་ཕེབས་གནང་འདུག
སྐབས་དེར་ཨོ་སི་ཀྲེ་ལི་ཡའི་སིཌ་ནི་ (Sydney) བོད་རིགས་མཐུན་ཚོགས་ཀྱི་ཚོགས་གཞོན་དཔག་བསམ་ཉི་མས་ཨོ་སི་ཀྲེ་ལི་ཡའི་ནང་བོད་རིགས་མཐུན་ཚོགས་༡༡ ཙམ་ཡོད་པ་དང་། བརྟན་བཞུགས་ཆེད་དུ་ཁྱོན་ཚོགས་མི་༥༣ ཙམ་རྡ་སར་ཕེབས་ཡོད་པས། དེ་རིང་༧གོང་ས་མཆོག་ལ་བརྟན་བཞུགས་བསྟར་འབུལ་ཞུ་རྒྱུ་བྱུང་བ་ཧ་ཅང་དགའ་ཚོར་ཆེན་པོ་བྱུང་ཡོད་པ་དང་། ༧གོང་ས་མཆོག་ནི་བོད་མི་ཚོར་མཚོན་ན་ཧ་ཅང་གལ་ཆེན་པོ་ཡིན་དུས་ང་ཚོས་ཁོང་སྐུ་ཚེ་བརྟན་ཆེད་དུ་ཟླ་བ་མང་པོ་གོང་ནས་གཟའ་ལྷག་པ་རྟག་པར་རྒྱལ་བའི་ཞབས་རིམ་བསྒྲུབས་པ་སོགས་ཀྱི་བརྟན་བཞུགས་གྲ་སྒྲིག་བྱས་པ་ཡིན་ཞེས་གསུངས་སོང་།
དེ་བཞིན་བོད་ཀྱི་གཞོན་ནུ་ལྷན་ཚོགས་སྐབས་༡༨ པའི་ཚོགས་གཙོ་མགོན་པོ་དོན་གྲུབ་ཀྱིས་ཕྱི་ལོ་༢༠༢༢ ལོར་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་ཆེན་སྐབས་སུ་སྤྱི་མོས་ཀྱིས་ཐག་གཅོད་བྱུང་བ་བཞིན། ༧གོང་ས་མཆོག་གི་སྐུ་གོ་སྟོན་དེ་རིང་གཟའ་ལྷག་པའི་ཉིན་ཚོགས་པ་གཞན་གཉིས་དང་མཉམ་དུ་བརྟན་བཞུགས་བསྟར་འབུལ་ཞུ་རྒྱུ་བྱུང་བ་ཧ་ཅང་གི་སྐལ་བ་བཟང་པོ་ཡིན་པ་གསུངས་གནང་སོང་ལ། དེ་རིང་གི་བརྟན་བཞུགས་ཆེད་དུ་ས་གནས་ཁྱོན་༥༠ ཙམ་ནས་ཁྱོན་ཚོགས་མི་༣༠༠ ལྷག་ཙམ་ས་གནས་རང་དུ་ཕེབས་ཡོད་ཅེས་གསུངས་གནང་སོང་།
དེ་རྗེས་ནེ་ཐེར་ལན་ཌི་བོད་རིགས་ཚོགས་པའི་ཚོགས་གཙོ་ནོར་བུས་ནེ་ཐེར་ལན་ཌི་ནས་ས་གནས་བོད་རིགས་ཚོགས་པའི་ཚོགས་མི་གསུམ་བརྟན་བཞུགས་ཆེད་དུ་བཅར་ཡོད་པ་དང་། གཞན་སུད་སི་ནས་བོད་པ་མང་པོ་ཞིག་ཀྱང་བརྟན་བཞུགས་ཆེད་དུ་ཕེབས་ཡོད་ཅེས་གསུངས་སོང་། དེ་བཞིན་ཁོང་གིས་བོད་པ་ཚོས་༧གོང་ས་མཆོག་ལ་བརྟན་བཞུགས་ཕུལ་བ་གཅིག་པུས་མི་འགྲིག་པ་དང་། ཁོང་གི་བཀའ་དགོངས་སྒྲུབ་ཐབས་སུ་འབད་བརྩོན་བྱེད་དགོས་པ་མ་ཟད། དམིགས་བསལ་བོད་མདོ་དབུས་ཁམས་གསུམ་འཆམ་མཐུན་དང་། ཆིག་སྒྲིལ་བྱེད་རྒྱུ་ནི་ཧ་ཅང་གལ་ཆེན་པོ་རེད། དེ་མ་གཏོགས་བརྟན་བཞུགས་གཅིག་པུ་ཕུལ་བ་ཙམ་གྱིས་འགྲིག་གི་མ་རེད་ཅེས་གསུངས་གནང་སོང་།
སྤྱིར་ཡུ་རོབ་ནང་བོད་རིགས་ཚོགས་པ་ཁྱོན་༡༥ ཡོད་འདུག་ཀྱང་། དེ་རིང་བརྟན་བཞུགས་སྐབས་སུ་ཚོགས་པ་༡༣ གྱི་ཚོགས་མི་དང་སྐུ་ཚབ་ཕེབས་གནང་ཡོད་ཅིང་། ཚོགས་པ་གཉིས་ཕེབས་ཐུབ་མེད་པ་ནི་ཚོགས་པ་དེ་གཉིས་ལ་ཚོགས་མི་ཉུང་ཉུང་ལས་མེད་པའི་རྐྱེན་གྱིས་ཡིན་ནའང་། བརྟན་བཞུགས་ཆེད་དུ་ཞལ་འདེབས་གནང་ཡོད་པ་ཁོང་རྣམ་པས་གསུངས་ཀྱི་འདུག།
གསར་འགོད་པ། བསོད་ནམས་ཕུན་ཚོགས།