ཝུའུ་ཧན་ཏོག་དབྱིབས་ནད་ཡམས་དང་འབྲེལ་བའི་དཔྱད་རྩོམ་ཕྱོགས་བསྒྲིགས་ཀྱི་དཔེ་དེབ་དབུ་འབྱེད།

དེ་རིང་ཞོགས་པར་དྷ་སར་རྟེན་གཞི་བྱས་པའི་བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་ཚོགས་ཁང་དུ་ཝུའུ་ཧན་ཏོག་དབྱིབས་ནད་ཡམས་དང་། དེའི་ཤུགས་རྐྱེན་སྐོར་གྱི་དཔྱད་རྩོམ་ཕྱོགས་བསྒྲིགས་ཀྱི་དཔེ་དེབ་ཅིག་དབུ་འབྱེད་དབུ་འབྱེད་ཀྱི་མཛད་སྒོའི་ཐོག ཉམས་ཞིབ་ཁང་དེ་དེའི་འགོ་འཛིན་ཨརྱ་ཚེ་དབང་རྒྱལ་པོས་དཔེ་དེབ་དེའི་རྒྱབ་ལྗོངས་དང་ནང་དོན་འགྲེལ་བརྗོད་གནང་སོང་། 

ཁོང་གིས“ཏོག་དབྱིབས་ནད་ཡམས་དང་འབྲེལ་བའི་ཐོག་ནས་རྒྱལ་སྤྱིའི་ནང་ལོགས་དང་། རྒྱ་ནག་ནང་ལོགས་སུ་དཀའ་ངལ་ཆེན་པོ་ཞེ་དྲག་འཕྲད་བསྡད་ཡོད་རེད། དཀའ་ངལ་[དེ་འདྲ་]ཞིག་འཕྲད་བསྡད་པའི་ཐོག་ལ་རྒྱ་ནག་ནང་ལོགས་སུ་ཁོ་ཚོས་སྤྱོད་པ་སྟོན་སྟངས་དང་། ཁོ་ཚོས་གདོང་ལེན་བྱེད་སྟངས་འདྲ་མིན་སྣ་ཚོགས་ཤིག་བྱུང་བསྡད་ཡོད་”པས། བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་ཉམས་ཞིབ་པ་ཚོས་“གནས་ཚུལ་ཛ་དྲག་པོ་དེ་འདྲ་ཞིག་གི་ནང་དུ་བོད་ཀྱི་གནས་ཚུལ་དང་ཏོག་དབྱིབས་ནད་ཡམས་དང་ག་རེའི་འབྲེལ་བ་ཆགས་ཀྱི་འདུག འགྱུར་ལྡོག་དེའི་ནང་ལོགས་ལ་ཁེ་ཕན་ཞིག་ག་འདྲ་ལེན་དགོས་ཀྱི་འདུག་”བཅས་ཀྱི་ཐོག་གོ་བསྡུར་བྱས་ནས་དཔྱད་རྩོམ་དེ་དག་བྲིས་པ་སྐོར་གསུངས་སོང་། 

<<ཁྱིམ་སྡོད་བཀའ་རྒྱའི་སྐབས་ཀྱི་བསམ་གཞིགས། >>སམ་ Lockdown Rumination: Reflections on Tibet in the Time of Covid-19 Pandemic ཞེས་པའི་དེབ་ཆུང་འདི་ནི། བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་ཉམས་ཞིབ་པ་བཅུ་ལྷག་གིས་འདི་ལོའི་ཕྱི་ཟླ་༢ ནས་༦ བར་དུ་ནད་ཡམས་ཁྲོད་ཀྱི་བོད་དང་། རྒྱ་ནག རྒྱལ་སྤྱི་བཅས་ཀྱི་གནས་སྟངས་དང་། འགྱུར་ལྡོག་སྣ་ཚོགས་ལ་ཞིབ་འཇུག་དང་ཉམས་ཞིབ་བྱས་ཏེ་བྲིས་པའི་དཔྱད་རྩོམ་དྲ་ཐོག་ཏུ་སྤེལ་བ་རྣམས་ཕྱོགས་བསྒྲིགས་བྱས་པ་ཞིག་ཡིན་འདུག་ཅིང་། ནང་དུ་བོད་ཡིག་གི་རྩོམ་ཡིག་གཅིག་འདུས་པའི་ཁྱོན་བསྡོམས་དཔྱད་རྩོམ་༡༥ འདུག 

དཔེ་དེབ་འདིའི་ནང་དོན་གཙོ་བོའི་ཐད་ལ། ཨརྱ་ཚེ་དབང་རྒྱལ་པོས་“ཏོག་དབྱིབས་ནད་ཡམས་དེ་བསླེབས་པའི་ཐོག་ནས། ཞི་ཅིན་ཕིང་གི་འགོ་ཁྲིད་ཀྱི་གནས་བབ་དང་། ཁོའི་འགོ་ཁྲིད་ཀྱི་ནུས་པ། འགོ་ཁྲིད་ཀྱི་འཇོན་ཐང་ལ་མཛུབ་གུ་འཛུགས་ཡ་དང་གཅིག བརྩི་བཀུར་ཞུ་ཡ་དང་གཉིས། དོགས་ཟོན་བྱེད་ཡ་དང་གསུམ་”གྱི་གནས་ཚུལ་གང་ཡིན་རྣམས་དཔྱད་རྩོམ་ནང་འཁོད་ཡོད་པ་དང་། དེ་བཞིན་ནད་ཡམས་དེ་ལ་བརྟེན་ནས་རྒྱལ་སྤྱིའི་ཐོག་ཏུ་རྒྱ་ནག་ཏུ་སྨྲ་བརྗོད་རང་དབང་དང་། འགྲུལ་སྐྱོད་རང་དབང་། དྲ་རྒྱའི་རང་དབང་། གནས་ཚུལ་རང་དབང་སོགས་ཡོད་མེད་གསལ་པོ་ཆགས་པ་སོགས་ཀྱི་གནད་དོན་རྣམས་འདུས་ཡོད་སྐོར་གསུངས་སོང་། ། 

གསར་འགོད་པ་དཀོན་མཆོག་རབ་བརྟན།