ཞི་ཅིན་ཕིང་གིས་བཅིངས་གྲོལ་དམག་མི་རྣམས་ཀྱིས་དམག་འཁྲུག་ལ་གྲ་སྒྲིག་བྱེད་དགོས་ཞེས་བརྗོད་འདུག 

རྒྱ་ནག་གི་ལྷོ་ཕྱོགས་ཞོགས་པའི་གསར་ལམ་གྱི་པར།

ད་ཆར་ས་ཁམས་ཆབ་སྲིད་ཐོག་ནས་ལྷོ་རྒྱ་ནག་རྒྱ་མཚོའི་མངའ་ཁུལ་དུ་རྩོད་རྙོག་ཆེ་རུ་འགྲོ་བཞིན་ཡོད་འདུག་པར་བརྟེན། རྒྱ་ནག་གཞུང་གིས་བཅིངས་གྲོལ་དམག་མི་རྣམས་ཀྱིས་དམག་འཁྲུག་ལ་གྲ་སྒྲིག་བྱེད་དགོས་པ་རེད་ཅེས་བརྗོད་ཡོད་འདུག 

ཕྱི་ཚེས་༡ ཉིན་(South China morning post)རྒྱ་ནག་གི་ལྷོ་ཕྱོགས་ཞོགས་པའི་གསར་ལམ་གྱིས་གནས་ཚུལ་སྤེལ་གསལ་ལྟར་ན། བདུན་ཕྲག་རྗེས་མའི་ནང་རྒྱ་ནག་གཞུང་གི་མཐོ་རིམ་དཔོན་རིགས་རྣམས་ཚང་འཛོམས་བྱས་ནས་འབྱུང་འགྱུར་ལོའི་དངུལ་རྩིས་དང་རྒྱ་ནག་གི་དཔལ་འབྱོར་དང་འབྲེལ་བའི་སྲིད་བྱུས་འཆར་འགོད། ཚོང་འབྲེལ་དང་དམག་དོན་སོགས་ཀྱི་གནད་དོན་དུ་མའི་སྐོར་ཚོགས་འདུ་ཞིག་དང་། གཞན་ཡང་རྒྱ་ནག་གཞུང་གི་མཐོ་རིམ་དམག་དཔོན་རྣམས་དང་(political advisory body)ཆབ་སྲིད་སློབ་སྟོན་ལྷན་ཚོགས་སོགས་ཀྱི་ཚོགས་འདུ་ཆེན་པོ་ཁག་གཉིས་འཚོགས་འཆར་ཡོད་འདུག ད་ཆར་ལྷོ་རྒྱ་ནག་རྒྱ་མཚོའི་མངའ་ཁུལ་དུ་ཐའེ་ཝན་གྱི་གནད་དོན་དང་གཞན་མངའ་ཁུལ་བདག་དབང་རྩོད་གླེང་སོགས་ཆེ་རུ་འགྲོ་བཞིན་ཡོད་པའི་སྐབས་སུ་ཞི་ཅིན་ཕིང་གིས་རྒྱ་ནག་གི་བཅིངས་གྲོལ་དམག་མི་རྣམས་ཀྱིས་དམག་འཁྲུག་ལ་གྲ་སྒྲིག་བྱེད་དགོས་པར་བརྗོད་ཡོད་འདུག

འབྱུང་འགྱུར་གྱི་ཚོགས་འདུའི་ནང་སྲིད་དོན་པ་དང་འཐུས་མི་སྟོང་ཕྲག་འགའ་ཤས་མཉམ་ཞུགས་བྱེད་འཆར་ཡོད་འདུག་པ་དང་།  སྲིད་དོན་དཔྱད་བརྗོད་པ་དག་གིས་རྒྱ་ནག་གཞུང་གིས་དམག་སྟོབས་ཡར་རྒྱས་གཏོང་ཆེད་ལོ་སྔོན་མ་ལས་འདི་ལོར་འགྲོ་གྲོན་མང་དུ་གཏང་འཆར་ཡོད་པ་ཚོད་དཔག་བྱེད་ཀྱི་འདུག རྒྱུ་མཚན་ནི་རྒྱ་ནག་གཞུང་གིས་ཐའེ་ཝན་ཟླ་སྒྲིལ་གཏོང་རྒྱུ་ཡིན་པར་རྗོད་བཞིན་ཡོད་ལ། དེ་བཞིན་ཨ་རི་དང་རྒྱ་ནག་གཉིས་ཀྱི་དམག་སྟོབས་ཐད་ད་དུང་འདྲ་མཉམ་ཆགས་ཐུབ་མེད་པར་བརྟེན། རྒྱ་ནག་གཞུང་གིས་གང་མགྱོགས་དམག་སྟོབས་ཨ་རི་དང་འདྲ་མཉམ་ཆགས་འདོད་ཡོད་པའི་རྐྱེན་གྱིས། ཁོང་ཚོས་དམག་དོན་ཐད་འགྲོ་གྲོན་སྔར་ལས་མང་དུ་གཏོང་འདོད་བྱེད་ཀྱི་ཡོད་པར་རྗོད་ཀྱི་འདུག མ་འོངས་པར་ཨ་རིའི་སྲིད་འཛིན་གསར་པ་(Donald Trump) ཊམ་ཕུ་སླེབས་སྲིད་པའི་ཚོད་དཔག་བྱེད་ཀྱི་ཡོད་འདུག་པ་དང་། ཁོང་སླེབས་པ་ཡིན་ན་ཨ་རྒྱ་གཉིས་ཀྱི་འབྲེལ་ལམ་དང་ལྷོ་རྒྱ་ནག་རྒྱ་མཚོའི་གནད་དོན་ཐད་རྙོག་གླེང་ཆེ་རུ་འགྲོ་རྒྱུའི་ཉེན་ཁ་མཐོང་ཡོད་པའི་རྐྱེན་གྱིས་རྒྱ་ནག་གི་དམག་དོན་སྟོབས་ཤུགས་སྔར་ལས་ཇེ་ཆེར་གཏོང་རྒྱུའི་ཚོད་དཔག་བྱེད་ཀྱི་ཡོད་འདུག

 རྒྱ་ནག་གཞུང་ལ་དམིགས་ཚད་ཅིག་ཡོད་པ་ནི་ཕྱི་ལོ་༢༠༤༩ ལོ་འཁོར་དུས་རྒྱ་ནག་གི་དམག་གི་སྟོབས་ཤུགས་དེ་འཛམ་གླིང་ཐོག་སྟོབས་ཤུགས་ཆེ་ཤོས་བཟོ་རྒྱུའི་དམིགས་ཚད་བཟུང་ཡོད་འདུག་ལ།  ཕྱི་ལོ་༢༠༤༩ ལོར་རྒྱ་ནག་དམར་ཤོག་ཚོགས་པ་འགོ་བཙུགས་ནས་ལོ་༡༠༠ ཡང་འཁོར་གྱི་ཡོད་འདུག ད་ཆར་འཛམ་གླིང་ཁྱོན་ཡོངས་ཀྱི་རྒྱལ་ཁབ་སོ་སོའི་བདེ་སྲུང་ཐད་འགྲོ་གྲོན་ལྡབ་མང་པོ་ཆེ་རུ་གཏོང་བཞིན་ཡོད་འདུག དཔེར་ན། རྒྱལ་སྤྱིའི་འཐབ་བྱུས་སློབ་གཉེར་ཁང་(the International Institute for Strategic Studies)

ཞེས་པ་ཞིག་གིས་སྙན་ཐོ་བཏོན་པ་ལྟར་ན། ལོ་སྔོན་མར་འཛམ་གླིང་ཁྱོན་ཡོངས་ཀྱི་རྒྱལ་ཁབ་རྣམས་ཀྱི་བདེ་སྲུང་ཐད་འགྲོ་གྲོན་ཁྱོན་ཨ་སྒོར་ཁྲག་ཁྲིག་ཆེན་པོ་༢་༢   བཏང་ཡོད་འདུག འོན་ཀྱང་། ད་ཆར་རྒྱ་ནག་གི་དཔལ་འབྱོར་གནས་སྟངས་ཇེ་སྡུག་ཏུ་འགྲོ་བཞིན་ཡོད་འདུག་ལ། འདི་ལོའི་རྒྱ་ནག་གི་དཔལ་འབྱོར་དེ་ལོ་སྔོན་མར་༥་༢ ཡིན་པ་ནས་༤་༦ བར་མར་ཟག་རྒྱུའི་ཚོད་དཔག་བྱེད་ཀྱི་ཡོད་འདུག 

རྒྱ་ནག་དང་ཐའེ་ཝན་གཉིས་ཀྱི་རྩོད་རྙོག་དང་། རྒྱ་ནག་དང་ཧྥི་ལི་པིང་གཉིས་བར་ཀྱི་རྩོད་རྙོག་སོགས་ལ་བརྟེན་ནས་ལྷོ་རྒྱ་ནག་རྒྱ་མཚོའི་མངའ་ཁུལ་ནང་རྒྱ་ནག་གི་མཚོ་དམག་སྟོབས་ཤུགས་རྒྱ་བསྐྱེད་བྱེད་བཞིན་ཡོད་འདུག་ལ། རྒྱ་ནག་གཞུང་གིས་གལ་སྲིད་ཐའེ་ཝན་གྱི་མ་

འོངས་པ་ནུབ་ཕྱོགས་པའི་ཤུགས་རྐྱེན་ལ་བརྟེན་ནས་ཐའེ་ཝན་རང་བཙན་ཕྱོགས་སུ་ཕྱིན་ན་དམག་འཁྲུག་ཡོང་རྒྱུ་ཡིན་པ་རེད་ཅེས་བརྗོད་འདུག

གསར་འགོད་པ། བསོད་ནམས་ཕུན་ཚོགས།