ཞི་ཅིན་ཕིང་གིས་བོད་བརྒྱུད་ནང་བསྟན་རྒྱ་ནག་གི་ཁྱད་ཆོས་ཅན་དུ་སྒྱུར་དགོས་ཚུལ་བཤད་འདུག
ཞི་ཅིན་ཕིང་གིས་“བོད་བརྒྱུད་ནང་བསྟན་ཀྲུང་གོ་ཅན་དུ་འགྱུར་བར་སྐུལ་འདེད་གཏོང་དགོས་”ཞེས་དཔལ་ནཱ་ལེནྡྲ་ནས་མཆེད་པའི་བོད་བརྒྱུད་ནང་བསྟན་རྒྱ་ནག་གི་ཁྱད་ཆོས་ཅན་དུ་སྒྱུར་བའི་འབད་བརྩོན་བྱེད་དགོས་པའི་བཀའ་ཕབ་འདུག
དེ་ཡང་“བོད་ལྗོངས་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་”ཞེས་པ་ཞིག་ཕྱི་ཟླ་༨ ཚེས་༢༨ ནས་༢༩ བར་ཉིན་གཉིས་རིང་པེ་ཅིང་དུ་འཚོགས་པའི་ཉིན་མཐའ་མའི་ཐོག ཞི་ཅིན་ཕིང་གིས་བོད་ལ་བརྟན་ལྷིང་ཡོང་བའི་ཆེད་དུ་བོད་བརྒྱུད་ནང་བསྟན་“ཀྲུང་གོ་ཅན་དུ་”འགྱུར་བར་སྐུལ་འདེད་གཏོང་རྒྱུ་དང་། མང་ཚོགས་རྣམས་ཁ་བྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ནང་ཞུགས་སུ་བཅུག་ནས་“བརྟན་ལྷིང་ལ་སྲུང་སྐྱོང་བྱེད་པའི་སྲ་བརྟན་མཁར་གྱང་”ཞིག་ཆགས་པ་བྱེད་རྒྱུ་གལ་འགངས་ཆེ་ཞེས་བཤད་འདུག
རྒྱ་ནག་གིས་ཕྱི་ལོ་༡༩༥༠ གྲངས་ནང་ཁྲིམས་འགལ་ཐོག་ནས་བོད་ལ་བཙན་འཛུལ་བྱས་ཏེ་བོད་ས་ཡོངས་རྫོགས་དྲག་པོས་དབང་སྒྱུར་བྱས་པ་ནས་བཟུང་། རྒྱ་ནག་གི་ཚད་མེད་པའི་གདུག་རྩུབ་དང་མནར་གཅོད་འོག་བོད་མི་ས་ཡ་༡ ལྷག་ཤི་བ་དང་། བོད་བརྒྱུད་ནང་བསྟན་དང་བོད་ཀྱི་རིག་གཞུང་གི་ལྟེ་བར་གྱུར་བའི་དགོན་པ་༦༠༠ བརྒལ་བ་རྩ་མེད་བཟོས་ཡོད་པ་མ་ཟད། ཕྱི་ལོ་༢༠༡༢ ལོར་ཞི་ཅིན་ཕིང་རྒྱ་ནག་དམར་ཤོག་ཚོགས་པའི་འགོ་ཁྲིད་དུ་གྱུར་བའི་རྗེས། གྲངས་ཉུང་མི་རིགས་ཀྱི་ཆོས་དང་རིག་གཞུང་ལ་དམ་དྲག་དང་དྲག་གནོན་བྱེད་ཤུགས་སྔར་བས་ཀྱང་ལྡབ་ཀྱིས་ཆེ་རུ་ཕྱིན་ཡོད།
རྒྱ་ནག་གི་གཞུང་འབྲེལ་བརྒྱུད་ལམ་ཁག་གི་ནང་དུ་བརྒྱུད་འགོད་བྱས་པའི་གཏམ་བཤད་དེའི་ནང་། ཞི་ཅིན་ཕིང་གིས་བོད་ཀྱི་སློབ་གྲྭ་ཁག་གི་སློབ་གསོའི་བརྒྱུད་རིམ་ཧྲིལ་པོའི་ནང་རྒྱལ་གཅེས་རིང་ལུགས་ཀྱི་ལྟ་བས་ཁྱབ་པ་བྱས་ནས། “ང་ཡི་ཀྲུང་ཧྭ་ལ་གཅེས་པའི་ས་བོན་དེ་གཞོན་ནུ་ལོ་ཆུང་མི་རེ་ངོ་རེའི་བསམ་བློའི་གཏིང་དུ་ཟུག་པ་”བྱེད་དགོས་ཞེས་བརྗོད་པ་མ་ཟད། རྒྱལ་ཁབ་ཀྱི་བདེ་འཇགས་སྲ་བརྟན་བཟོ་བ་དང་། མི་དམངས་ཀྱི་འཚོ་བའི་ཆུ་ཚད་ཇེ་མཐོ་གཏོང་བ། ཁོར་ཡུག་སྲུང་སྐྱོབ། མཐའ་མཚམས་སྲུང་སྐྱོབ་བཅས་ལ་འགན་སྲུང་བྱས་ཏེ། “སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་ཞིག་”འཛུགས་སྐྲུན་དགོས་པའི་སྐུལ་མ་ནན་ཏན་བྱས་འདུག
ཆོས་ལུགས་“ཀྲུང་ཧ་ཅན་དུ་”འགྱུར་བ་བྱེད་དགོས་ཞེས་པའི་དོན་ནི། ཆོས་ལུགས་ཀྱི་ཡིད་ཆེས་དང་ལྟ་གྲུབ་རྣམས་དངོས་ཤུགས་བརྒྱུད་གསུམ་དང་ཞི་དྲག་གཉིས་ཀྱི་ཐོག་ནས་རྒྱ་ནག་དམར་ཤོག་ཚོགས་པའི་ལྟ་གྲུབ་དང་དམིགས་ཡུལ་དང་མཐུན་པར་སྒྱུར་བ་དང་། རྒྱ་མི་རིགས་ཆེན་པོའི་རིག་གཞུང་ནང་དུ་ཐིམ་པར་བཟོ་རྒྱུ་དེ་ཡིན། ཕྱི་ལོ་ ༢༠༡༥ ལོར་ཞི་ཅིན་ཕིང་གིས་རྒྱ་ནག་ཏུ་ཉམས་ལེན་བྱེད་པའི་ཆོས་ལུགས་ཆེན་པོོ་ལྔ་“ཀྲུང་ཧ་ཅན་”དུ་སྒྱུར་དགོས་ཚུལ་བཤད་ཡོད་ཅིང་། དེ་ལྔ་ནི་ཡེ་ཤུའི་ཆོས་རྒྱུད་རྙིང་མ་(Catholicism) དང་། ཡེ་ཤུའི་ཆོས་རྒྱུད་གསར་མ། (protestantism) ཁ་ཆེའི་ཆོས་ལུགས། སངས་རྒྱས་ཆོས་ལུགས། ཏོ་ཅོ་ཆོས་ལུགས་བཅས་ཡིན།
དེ་བཞིན་ཕྱི་ལོ་༢༠༡༩ ལོར་རྒྱ་ནག་གི་གཞུང་འབྲེལ་གསར་ཁང་དག་གིས་ཁྱབ་བསྒྲགས་བྱས་པ་ལྟར་ན། ཁ་ཆེའི་ཆོས་ལུགས་ཀྱི་ཉམས་ལེན་དང་ཡིད་ཆེས་རྣམས་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ལྟ་གྲུབ་དང་མཐུན་པར་བསྒྱུར་བའི་ཆེད། རྒྱ་ནག་གིས་༢༠༢༢ གྱི་ནང་ཚུན་དུ་ཁ་ཆེའི་ཆོས་ལུགས་ཡོངས་སུ་“རྒྱ་ནག་ཅན་”དུ་སྒྱུར་རྒྱུའི་འཆར་གཞི་འཐེན་བཞིན་ཡོད་འདུག །
གསར་འགོད་པ་དཀོན་མཆོག་རབ་བརྟན།