ཞི་ཅིན་ཕིང་གིས་སྟག་དང་སྦྲང་མ་གཉིས་ཀ་གཙང་མ་བཟོ་བཞིན་ཡོད་འདུག
རྒྱ་ནག་དམར་ཤོག་ཚོགས་པའི་སྲིད་དབང་འོག་ད་ཆར་ལྐོག་ཟ་རུལ་སུངས་ཀྱི་མིང་ཐོག་ནས་མཐོ་རིམ་དང་ས་གནས་སོགས་ཀྱི་འགོ་ཁྲིད་སྟོང་ཕྲག་མང་པོ་གནས་དབྱུང་བཏང་བ་དང་བཙོན་འཇུག་བྱས་པ། འཛིན་བཟུང་སོགས་བྱས་ཡོད་པའི་གནས་ཚུལ་ཐོན་འདུག

ཟླ་འདིའི་ཚེས་༣༠ ་ཉིན་རྒྱ་གར་གྱི་(Firstpost) གསར་ཁང་གིས་གནས་ཚུལ་སྤེལ་གསལ་ལྟར་ན། ཕྱི་ལོ་༢༠༢༣ གཅིག་པུའི་ནང་རྒྱ་ནག་ནང་དམར་ཤོག་ཚོགས་པའི་འགོ་ཁྲིད་ཁྱོན་༡༡༠༠༠༠ ་ཙམ་ལྐོག་ཟ་རུལ་སུངས་ཀྱི་ཉེས་མིང་འོག་བཙོན་འཇུག་དང་གནས་དབྱུང་བཏང་ཡོད་འདུག རྒྱ་ནག་དམར་ཤོག་ཚོགས་པའི་མཐོ་རིམ་དཔོན་པོ་དག་ལ་སྟག་དང་དམའ་རིམ་འགོ་ཁྲིད་ཚོ་ལ་སྦྲང་མ་ཞེས་བོས་ནས། ད་ཆར་སྟག་དང་སྦྲང་མ་གཉིས་ཀ་ལྐོག་ཟ་རུལ་སུངས་ཀྱི་ཉེས་མིང་འོག་རྡུང་རྡེག་གཏོང་གི་ཡོད་འདུག ཕྱི་ལོ་༢༠༢༣ ་ལོར་ཞི་ཅིན་ཕིང་གིས་འགོ་ཁྲིད་༤༡༠༠༠ གིས་ལངས་ཕྱོགས་དང་མཐུན་པའི་དོན་དངོས་ཐོག་དཔལ་འབྱོར་ཡར་རྒྱས་གཏོང་ཐབས་དང་འཁོར་ཡུག་སྲུང་སྐྱོབ་སོགས་ཀྱི་ལས་ཀ་ལ་འགན་མི་ཁུར་བར། ཁ་ནས་བཤད་རྒྱུ་ཁོ་ན་བྱས་ནས་སྡོད་པའི་ཉེས་མིང་འོག་ཉེས་པ་ཆེན་པོ་བཏང་ཡོད་པར་བརྗོད་འདུག དེ་བཞིན་ལྐོག་ཟ་རུལ་སུངས་ཀྱི་ཉེས་མིང་འོག་སྟག་ཅེས་འབོད་པའི་མཐོ་རིམ་འགོ་ཁྲིད་ཁྱོན་༤༥ ་ལ་ཉེས་ཆད་བཅད་ཡོད་འདུག འགོ་ཁྲིད་མང་པོ་ཞིག་གར་སོང་ཆ་མེད་དུ་གྱུར་ཡོད་པ་དང་། འགའ་ཤས་ནི་ལས་གནས་ནས་གནས་དབྱུང་བཏང་ཡོད་པ་མ་ཟད། འགའ་ཤས་འཕྲོད་བསྟེན་ལ་དཀའ་ངལ་ཡོད་ཚུལ་སོགས་བརྗོད་ནས་ལས་མཚམས་འཇོག་བཅུག་པ་སོགས་བྱས་ནས་འགོ་ཁྲིད་མང་པོ་ཞིག་མེད་པ་བཟོ་བཞིན་ཡོད་འདུག གཞན་ཡང་(South China morning Post ) ཞེས་པའི་གསར་ཁང་གིས་བརྗོད་དོན་ལ། ཕྱི་ལོ་༢༠༢༣ དེར་དམིགས་བསལ་འདས་པའི་ལོ་རྒྱུས་ནང་མཐོ་རིམ་དམར་ཤོག་གི་འགོ་ཁྲིད་ཚོ་ལ་ལྐོག་ས་རུལ་སུངས་ཀྱི་ཉེས་མིང་འོག་ཆད་པ་བཅད་པ་མང་ཤོས་དེ་ཡིན་འདུག
རྒྱ་ནག་ནང་ལྐོག་ཟ་རུལ་སུངས་ལྟ་སྲུང་བྱེད་མཁན་(Corruption Watch dog)ཟེར་བའི་ཚོགས་པ་ཞིག་ཡོད་འདུག་པ་དང་། ཚོགས་པ་དེས་ལྐོག་ཟ་རུལ་སུངས་བྱེད་མཁན་གྱི་འགོ་ཁྲིད་ཚོའི་མིང་ཐོ་བཏོན་ཡོད་འདུག འོན་ཀྱང་། ཡ་མཚན་པ་ཞིག་ལ་རྒྱ་ནག་བཅིངས་འགྲོལ་དམག་མིའི་འགོ་ཁྲིད་གཅིག་ཀྱང་མིང་བཏོན་ཡོད་མི་འདུག ཉེ་ཆར་རྒྱ་ནག་གི་མེ་ཤུགས་འཕུར་མདའ་བཟོ་མཁན་གྱི་ཚན་རིག་པ་(Wang Xiajun)ཟེར་བ་ཞིག་ལས་གནས་ནས་གནས་དབྱུང་བཏང་ཡོད་པ་དང་། ད་ཆར་ཞིབ་དཔྱོད་བྱེད་བཞིན་ཡོད་པར་བརྗོད་འདུག ཚན་རིག་པ་དེ་རྒྱ་ནག་གི་བར་སྣང་ཁྲོད་འཁོར་སྐར་སོགས་གཏོང་རྒྱུའི་ཆེད་དུ་མེ་ཤུགས་འཕུར་མདའ་བཟོ་མཁན་མི་སྣ་གལ་ཆེན་པོ་ཞིག་ཡིན་འདུག ཨ་རིའི་གསང་བའི་ལས་ཁུངས་ཀྱིས་བརྗོད་གསལ་ལྟར་ན། ཉེ་ཆར་རྒྱ་ནག་གིས་མེ་ཤུགས་འཕུར་མདའི་འགྲེམ་སྟོན་ཞིག་བྱེད་དུས་མེ་ཤུགས་འཕུར་མདའི་ནང་སྣུམ་བླུག་དགོས་ཀྱང་། སྣུམ་མ་བླུགས་ནས་ཆུ་བླུགས་ཚུལ་བརྗོད་ཡོད་འདུག རྒྱུ་མཚན་ནི་སྲིད་འཛིན་ཞི་ཅིན་ཕིང་གིས་འགྲེམ་སྟོན་སྐབས་མེ་ཤུགས་བར་སྣང་ཁྲོད་གཏོང་དགོས་པའི་བཀའ་བཏང་ཡོད་ཀྱང་། མེ་ཤུགས་འཕུར་མདའི་ནང་ཆུ་ཡོད་པས་བར་སྣང་ལ་འཕུར་རོགས་མ་བྱས་པར་བརྟེན། ཕྱིས་སུ་ཞིབ་དཔྱོད་བྱེད་དུས་མེ་ཤུགས་འཕུར་མདའི་ནང་སྣུམ་ལས་ཆུ་ཡོད་པ་ཤེས་ནས་བཅིངས་འགྲོལ་དམག་མིའི་འགོ་ཁྲིད་འགའ་ཤས་ལས་གནས་ནས་གནས་དབྱུང་བཏང་ཡོད་འདུག ཁོང་ཚོ་ལས་གནས་ནས་གནས་དབྱུང་གཏོང་དགོས་དོན་ནི་མེ་ཤུགས་འཕུར་མདའི་ནང་སྣུམ་མ་བླུགས་པར་ཆུ་བླུགས་པ་ནི་སྣུམ་གྱི་དངུལ་དེ་ལྐོག་ཟ་རུལ་སུངས་བྱས་ཡོད་པར་བརྗོད་ཡོད་འདུག །
གསར་འགོད་པ། བསོད་ནམས་ཕུན་ཚོགས།