ཞི་ཅིན་ཕིང་ཧྥ་རན་སི་ལ་འབྱོར་སྐབས་བོད་མི་ཚོས་ངོ་རྒོལ་ཤུགས་ཆེན་པོ་བྱས།
ཟླ་འདིའི་ཚེས་༥ ཉིན་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིང་ཕྱི་ལོ་༢༠༡༩ ནས་བཟུང་ཧྥ་རན་སི་ལ་རྒྱལ་དོན་ཕྱོགས་སྐྱོད་ཐོག་མ་དེ་འབྱོར་ཡོད་པ་དང་། སྐབས་དེར་ས་གནས་སུ་འབྱོར་བ་དང་སྟབས་བསྟུན། ཧྥ་རན་སི་ལ་གནས་སྡོད་བོད་མི་ཚོ་དང་སྦེལ་ཇམ་དང་ཧོ་ལན་ཌི་སོགས་ནས་ཕེབས་པའི་བོད་མི་ཚོས་ངོ་རྒོལ་གྱི་ལས་འགུལ་གཞི་རྒྱ་ཆེན་པོ་སྤེལ་འདུག་པ་མ་ཟད། ཨ་རི་ལ་ཡང་བོད་མི་ཁག་ཅིག་གིས་ཞི་ཅིན་ཕིང་ཡུ་རོབ་ཀྱི་རྒྱལ་ཁབ་ཧྤ་རན་སི་ལ་ཕྱིན་པར་ངོ་རྒོལ་གྱི་ལས་འགུལ་སྤེལ་འདུག

ཟླ་འདིའི་ཚེས་༥ ་ཉིན་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིང་ཡུ་རོབ་ཀྱི་རྒྱལ་ཁབ་ཧྥ་རན་སི་ལ་འབྱོར་རྗེས། རླངས་འཁོར་ནང་བསྡད་ནས་ཟམ་ཆེན་ཞིག་བརྒྱུད་ནས་སྐྱོད་སྐབས། བོད་རང་བཙན་སློབ་ཕྲུག་ཚོགས་པའི་ལས་འགུལ་བ་ཁག་ཅིག་གིས་སྒེར་གཅོད་པ་ཞི་ཅིན་ཕིང་། ཁྱོད་ཀྱི་དུས་ཚོད་རྫོགས་སོང་། བོད་རང་བཙན་ཞེས་བྲིས་པའི་འཕྲེད་དར་ཆེན་པོ་ཞིག་ཟམ་ཐོག་ནས་དཔྱངས་ཏེ་ངོ་རྒོལ་གྱི་ལས་འགུལ་སྤེལ་ཡོད་འདུག
གཞན་ཡང་ཧྥ་རན་སི་བོད་རིགས་ཚོགས་པའི་གོ་སྒྲིག་འོག་བོད་མི་དང་བོད་དོན་རྒྱབ་སྐྱོར་བ་སོགས་མི་གྲངས་༤༠༠༠ ལྷག་ལྷན་འཛོམས་ཀྱིས་རྒྱ་གཞུང་གིས་བོད་ནང་དྲག་གནོན་ཆེ་བའི་སྲིད་བྱུས་ལག་བསྟར་དང་། བོད་མིིའི་རང་དབང་ལ་རྡོག་རོལ་རྩིས་མེད་གཏོང་བཞིན་པར་གཞི་རྒྱ་ཆེ་བའི་ངོ་རྒོལ་གྱི་ལས་འགུལ་ཞིག་སྤེལ་ཡོད་ཀྱང་། ཧྥ་རན་སི་བོད་རིགས་ཚོགས་པའི་ཚོགས་གཙོས་བརྗོད་གསལ་ལྟར་ན། བོད་རིགས་ཚོགས་པས་ཉིན་བཅུ་གྲངས་སྔོན་ནས་ཧྤ་རན་སིའི་གཞུང་ལ་ལས་འགུལ་སྤེལ་ཆོག་པའི་བཀའ་འཁྲོལ་ཞུས་ཀྱང་། གཞུང་གིས་ཡུན་རིང་ཡ་ལན་སྤྲད་མེད་པར་བརྟེན། བོད་རིགས་ཚོགས་གཙོས་ཡིག་ངག་གཉིས་ཀྱིས་ཐོག་ནས་ཐེངས་མང་འབྲེལ་བ་བྱས་ཀྱང་ཆོག་མཆན་ཐོབ་མེད་པ་རེད་འདུག ཐེངས་འདིའི་ལས་འགུལ་ནང་སྦེལ་ཇམ་བོད་རིགས་ཚོགས་པའི་གོ་སྒྲིག་འོག་བོད་མི་སྤྱི་སྤྱོད་རླངས་འཁོར་གཉིས་དང་ནེ་ཐར་ལན་ཌིའི་བོད་རིགས་ཚོགས་པའི་གོ་སྒྲིག་བོད་མི་སྤྱི་སྤྱོད་རླངས་འཁོར་གཅིག་བཅས་བོད་མི་མང་པོ་ཧྥ་རན་སི་ལ་ཕྱིན་ནས་ངོ་རྒོལ་གྱི་ལས་འགུལ་ནང་མཉམ་ཞུགས་བྱས་ཡོད་འདུག

དེ་བཞིན་རྒྱ་ནག་གི་སྲིད་འཛིན་ཧྤ་རན་སི་ལ་འབྱོར་བ་དང་བསྟུན་ཨ་རི་ལ་གནས་སྡོད་བྱེད་མཁན་རྒྱལ་གཅེས་བོད་རང་བཙན་འཐབ་རྩོད་པ་བོད་མི་ཁག་ཅིག་གིས་སྲིད་དབང་སྒེར་གཅོད་པ་ཞི་ཅིན་ཕིང་། ཁྱེད་རང་གི་དུས་ཚོད་རྫོགས་ཟིན། བོད་ནི་རྒྱ་ནག་གི་ཆ་ཤས་མ་རེད། བོད་རང་བཙན་ཞེས་འཕྲད་དར་འཕྱར་ནས་ཨ་རིའི་ནིའུ་ཡོག་ཏུ་རྒྱ་ནག་གི་གཞུང་ཚབ་མདུན་དུ་སྒེར་གཅོད་པ་ཞི་ཅིན་ཕིང་ཡུ་རོབ་ཀྱི་རྒྱལ་ཁབ་ཧྥ་རན་སི་ལ་ཕྱིན་པར་ངོ་རྒོལ་གྱི་ལས་འགུལ་སྤེལ་འདུག།
གཞན་ཡང་། རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིང་ཧྥ་རན་སི་ལ་མ་འབྱོར་བའི་སྔོན་ཟླ་འདིའི་ཚེས་༤ ་ཉིན་བོད་རང་བཙན་སློབ་ཕྲུག་ཚོགས་པའི་ཚོགས་མི་དང་ལས་འགུལ་བ་བུ་མོ་ཚེ་ལྷ་དང་ཉི་མ་བླ་མ་གཉིས་ཀྱིས་ཧྤ་རན་སིའི་རྒྱལ་ས་པེ་རི་སི་ལ་ཡོད་པའི་ལོ་རྒྱུས་ལྡན་པའི་(Arc de Triomphe) ་ཞེས་པའི་ས་ཚིགས་སུ་གློག་གི་ཀ་བའི་ཐོག་འཛེགས་ནས་བོད་ནང་གི་བོད་མི་རྣམས་ལ་གདུང་སེམས་མཉམ་བསྐྱེད་ཡོད་སོགས་བྲིས་ཡོད་པའི་འཕྲེད་དར་དང་རྒྱལ་དར་འཕྱར་ནས་ངོ་རྒོལ་གྱི་ལས་འགུལ་ཆུ་ཚོད་གཉིས་ཙམ་སྤེལ་བའི་སྐབས་ས་གནས་ཉེན་རྟོག་པས་འཛིན་བཟུང་བྱས་ནས་ཆུ་ཚོད་བཅུ་ཙམ་རིང་བཀག་ཉར་བྱས་རྗེས་ཁོང་གཉིས་གློད་བཀྲོལ་བཏང་ཡོད་འདུག
དེ་བཞིན་རྒྱ་ནག་གི་སྲིད་འཛིན་ཧྥ་རན་སི་ལ་མ་བསླེབས་པའི་སྔ་རོལ་དུ། ཧྥ་རན་སིའི་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོས་གྲོས་ཚོགས་འཐུས་མི་བཅུ་གསུམ་གྱིས་མཚན་རྟགས་བཀོད་པའི་ཞུ་ཡིག་ཅིག་སྲིད་འཛིན་མེག་ཀེ་རོན་ལ་ཕུལ་ནས་རྒྱ་ནག་གི་སྲིད་འཛིན་ལྷན་དུ་བོད་དོན་སྐོར་གྲོས་མོལ་གནང་དགོས་པའི་རེ་སྐུལ་ཞུས་ཡོད་འདུག
ཞུ་ཡིག་དེའི་ནང་གྲོས་ཚོགས་འཐུས་མི་ཨེ་སི་ཊ་ཤེ་བྷི་རེ་ནོ་ཡིས་སྲིད་འཛིན་ཞི་ཅིན་ཕིང་གི་སྲིད་དབང་འོག བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཇེ་སྡུག་ཏུ་འགྲོ་བཞིན་པ་ནན་བརྗོད་དང་། བོད་ནི་ས་ཁམས་ཆབ་སྲིད་དང་གོ་ལའི་སྣོད་བཅུད་རྟེན་འབྲེལ་གྱི་ཆ་ནས་གལ་གནད་ཆེན་པོ་ཆགས་ཡོད་སྐོར་བསྟན་པ་མ་ཟད། ད་ལྟ་ས་ཁུལ་དེར་རྩོད་རྙོག་མང་པོ་ཞིག་འབྱུང་བཞིན་པའི་གནས་སྟངས་འོག་༸གོང་ས་མཆོག་གིས་བོད་དོན་ཞི་བདེའི་གྲོས་འཆར་དོན་ཚན་ལྔ་བཏོན་གནང་མཛད་པ་དེ་སྔར་ལས་ལྷག་པའི་འབྲེལ་བ་ཆགས་ཡོད་པ་སོགས་ཀྱི་གནས་སྟངས་ལ་བརྟེན། བོད་རྒྱ་གྲོས་མོལ་དང་། བོད་མི་མང་གི་རང་དབང་ལ་རྩི་མཐོང་བྱ་རྒྱུ་དེ་ཕ་རན་སི་གཞུང་གིས་རྒྱ་ནག་དང་འབྲེལ་བའི་སྲིད་བྱུས་ཀྱི་ལྟེ་བར་འཇོག་དགོས་ཞེས་འཁོད་ཡོད་འདུག།
གསར་འགོད་པ། བློ་བཟང་རྒྱ་མཚོ།