ཞི་ཅིན་ཕིན་གྱིས་བོད་ཀྱི་རྫི་བོར་ས་ཁོངས་སྲུང་སྐྱོབ་བྱ་རྒྱུའི་སྐུལ་འདེད་བྱས།
རྒྱ་དཀར་ནག་གཉིས་བར་འབྲོག་ལམ་ཁུལ་གྱི་གནད་དོན་ཐོག་གྲོས་མཐུན་བཞག་ནས་ཟླ་གཉིས་ཀྱི་རྗེས་སུ། ཞི་ཅི་ཕིན་གྱིས་བོད་དང་རྒྱ་གར་གྱི་ས་མཚམས་སུ་འཁེལ་བའི་རྫི་བོ་རྣམས་ལ་རྒྱ་ནག་གི་ས་ཁོངས་སྲུང་སྐྱོབ་བྱ་རྒྱུའི་སྐུལ་འདེད་བྱས་ཡོད་འདུག
ཕྱི་ཟླ་༡༠ པའི་ཕྱི་ཚེས་༢༩ ཉིན་རྒྱ་དཀར་ནག་གཉིས་ཀྱི་གསར་ལམ་ཁག་ཏུ་གནས་ཚུལ་སྤེལ་བ་ལྟར་ན། ཞི་ཅིན་ཕིན་རྒྱ་ནག་གི་སྲིད་འཛིན་དུ་ཐེངས་གཉིས་པར་འདེམས་ཐོན་བྱུང་ནས་ཉིན་གསུམ་དང་། རྒྱ་དཀར་ནག་གཉིས་བར་འབྲོག་ལམ་ཁུལ་གྱི་གནད་དོན་ཐོག་གྲོས་མཐུན་བཞག་ནས་ཟླ་གཉིས་ཀྱི་རྗེས་སུ།
རྒྱ་གར་གྱི་མངའ་སྡེ་ཨ་རུ་ན་ཅལ་གྱི་ས་མཚམས་སུ་འཁེལ་ཞིང་། བོད་རང་སྐྱོང་ལྗོངས་ལྷུན་རྩེ་རྫོང་གི་གྲོང་གསེབ་ནང་གི་རྫི་བོ་རྣམས་ལ་ཐད་ཀར། ས་མཚམས་ཁུལ་དུ་རྩ་བ་བཙུགས་ནས་རྒྱ་ནག་གི་ས་ཁོངས་སྲུང་སྐྱོབ་བྱ་དགོས་པའི་སེམས་ཤུགས་སྤར་བ་དང་སྐུལ་འདེད་བྱས་ཡོད་འདུག
དེ་ཡང་ཉེ་ཆར་རྒྱ་ནག་དམར་ཤོག་གི་ཚོགས་ཆེན་བཅུ་དགུ་པ་དེ་འཚོགས་བཞིན་པའི་སྐབས་སུ། བོད་རང་སྐྱོང་ལྗོངས་ལྷུན་རྩེ་རྫོང་གི་ཁོངས་གཏོགས་ཀྱི་གྲོང་གསེབ་ཅིག་གི་ན་གཞོན་བུ་མོ་གཡང་འཛོམས་དང་སྒྲོལ་དཀར་ཟེར་བ་གཉིས་ཀྱིས་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིན་ལ་འཕྲིན་ཡིག་ཅིག་བསྐུར་ནས། ས་མཚམས་སྲུང་སྐྱོབ་དང་འབྲེལ་བའི་སོ་སོའི་ཉམས་མྱོང་དང་། ས་ཁུལ་དེ་ངོ་སྤྲོད། དེ་བཞིན་འདས་པའི་ལོ་ཤས་རིང་གི་ས་ཁུལ་དེའི་འཕེལ་རྒྱས་ཀྱི་སྐོར་བཅས་བརྗོད་ཡོད་འདུག་པ་དང་། དེར་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིན་གྱིས་ཐད་ཀར་ལན་དུ།“ས་མཚམས་ཁུལ་དུ་ཞི་བདེ་མེད་ན་ཁྱིམ་ཚང་ས་ཡ་མང་པོར་ཞི་བདེ་ལྡན་པའི་འཚོ་བ་ཡོང་ཐུབ་ཀྱི་མ་རེད་”ཅེས་དང་། དེ་བཞིན་ཁོང་གིས་གུང་ཁྲན་ཏང་གི་ངོས་ནས་རྒྱ་ནག་གི་འོག་ཏུ་ཡོད་པའི་གྲངས་ཉུང་མི་རིགས་ཚང་མའི་འཚོ་བ་ཡར་རྒྱས་གཏོང་རྒྱུར་མུ་མཐུད་འབད་བརྩོན་བྱེད་རྒྱུ་ཡིན་པ་དང་། འཕྲིན་ཡིག་སྐུར་མཁན་གྱི་ཁྱིམ་ཚང་དེས་རྫི་བོ་གཞན་རྣམས་ལ་སེམས་ཤུགས་སྤར་ནས་ས་མཚམས་སྲུང་སྐྱོབ་བྱེད་མཁན་དང་། ས་ཁུལ་དེ་བདེ་སྐྱིད་ལྡན་པ་བཟོ་མཁན་ཞིག་ཆགས་ཐབས་སུ་འབད་རྒྱུར་སྐུལ་འདེད་བྱས་ཡོད་འདུག
གནས་ཚུལ་དབྱེ་ཞིབ་པ་ཚོས་ཞི་ཅིན་ཕིན་གྱི་སྐད་ཆ་དེ་ནི་མ་འོངས་པར་ས་མཚམས་སྲུང་སྐྱོབ་ཀྱི་གནད་དོན་ཐོག རྒྱ་ནག་ཁོ་རང་ཚོའི་ས་ཁོངས་སུ་རློམ་པའི་ས་ཆ་རྣམས་སུ། དྭངས་བླངས་ཀྱི་ས་མཚམས་སྲུང་སྐྱོབ་པ་ཚོས་ལས་འགན་གལ་ཆེན་པོ་ཞིག་བསྒྲུབ་རྒྱུ་ཡིན་སྐོར་གྱི་བརྡ་བཏང་བ་ཞིག་ཡིན་པ་དང་། དེ་སྔོན་རྒྱ་ནག་གཞུང་གིས་ས་གནས་ཀྱི་རྫི་བོ་རྣམས་བེད་སྤྱོད་ཤུགས་ཆེན་པོ་བྱས་ཏེ། རྒྱ་གར་དང་འབྲུག་པ་སོགས་ལ་ས་མཚམས་ཀྱི་བདག་དབང་ཐད་ནས་དཀའ་རྙོག་བཟོས་ཡོད་སྐོར་བཅས་བརྗོད་བཞིན་ཡོད་འདུག །
གསར་འགོད་པ་བཀྲ་ཤིས་དོན་གྲུབ།
