ཞྭ་དམར་པ་རིན་པོ་ཆེ་དགོངས་པ་རྫོགས་པའི་གནས་ཚུལ།

ཟླ་༦ ཚེས་༡༡ཉིན་ཞྭ་དམར་པ་རིན་པོ་ཆེ་གློ་བུར་དུ་མགུལ་སྙིང་གི་ཁྲག་རྩ་འགག་ནས་དགོངས་པ་རྫོགས་པའི་ཡིད་སྐྱོའི་གནས་ཚུལ་ཐོན་པར་བོད་མིའི་སྒྲིག་འཛུགས་ཀྱིས་མྱ་ངན་གུས་འདུད་ཞུས་ཡོད་པ་རེད།

རིན་པོ་ཆེ་མཆོག་ཇར་མན་དུ་རྒྱལ་སྤྱིའི་ནང་པའི་ཆོས་ཚོགས་ (The Iinternational Bodhi Path Organization) ཞེས་པའི་དབུ་བླ་ཡིན་པ་དང་། དེ་ཡང་བོད་མིའི་སྒྲིག་འཛུགས་ཆོས་རིག་བཀའ་བློན་པདྨ་ཆོས་འབྱོར་མཆོག་གིས་གསུང་དོན།“ང་ཚོས་ཞྭ་དམར་པ་རིན་པོ་ཆེ་མཆོག་གློ་བུར་དུ་དགོངས་པ་རྫོགས་པའི་ཡིད་སྐྱོའི་གནས་ཚུལ་ཐོན་པར་ཧ་ཅང་བློ་ཕམ་བྱུང་།དམ་པ་ཁོང་ལ་ང་ཚོས་གསོལ་འདེབས་སྨོན་ལམ་ཞུ་རྒྱུ་ཡིན་”ཞེས་བརྒྱུད་ལམ་དུ་གསུངས་འདུག

ཞྭ་དམར་རིན་པོ་ཆེ་སྐུ་ཕྲེང་བཅུ་བཞི་པ་མི་ཕམ་ཆོས་ཀྱི་བློ་གྲོས་ཀྱི་སྐུ་ཚེའི་ལོ་རྒྱུས་མདོར་བསྡུས་བརྒྱུད་ལམ་དུ་སླེབས་པ་ལྟར་ན། ཁོང་ཕྱི་ལོ་ ༡༩༥༢ ལོར་ཁམས་སྡེ་དགེ་ཨ་ཐུབ་ཚང་གི་ཁྱིམ་དུ་སྐུ་འཁྲུངས། བཙན་བྱོལ་དུ་འབྱོར་རྗེས་༸དཔལ་རྒྱལ་དབང་ཀརྨ་པ་བཅུ་དྲུག་རིག་པའི་རྡོ་རྗེ་མཆོག་གིས་ཀུན་གཟིགས་ཞྭ་དམར་སྐུ་ཕྲེང་ ༡༤ པའི་ཡང་སྲིད་དུ་ངོས་འཛིན་མཛད། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཀྱང་གཞུང་འབྲེལ་ངོས་འཛིན་དང་རབ་བྱུང་བསྒྲུབས་གནང་མཛད། ཕྱི་ལོ་ ༡༩༨༡ ལོར་༸ཀརྨ་པ་བཅུ་དྲུག་པ་ཞིང་དུ་མ་གཤེགས་བར་ལྷན་བཞུགས་མཛད་དེ་བཀའ་བརྒྱུད་པའི་ཆོས་ བཀའ་ཡོད་དོ་ཅོག་ཞུས་གནང་མཛད། ད་བར་༸ཀརྨ་པ་བཅུ་དྲུག་པ་ཆེན་པོའི་རྣམ་ཐར་གྱིས་གཙོས་དབྱིན་བོད་གཉིས་ཐོག་ཕྱག་དེབ་འགའ་བརྩམས་གནང་ཡོད་པ་དང་། དེ་བཞིན་ཀརྨ་བཀའ་བརྒྱུད་ཀྱི་ཆོས་ཚོགས་དགུ་བརྒྱ་ལྷག་གི་ཆོས་ཀྱི་སློབ་དཔོན་མཛད་བཞིན་པ་དང་། འཇར་མན་དུ་རྒྱལ་སྤྱིའི་ནང་པའི་ཆོས་ཚོགས་ཀྱི་དབུ་བླའང་གནང་བཞིན་པ་ཡོད་པ་རེད། འདི་ལོ་དགུང་གྲངས་༦༢ ཐོག་འཇར་མན་དུ་ཕྱི་རྒྱལ་གྱི་སློབ་ཚོགས་རྣམས་ལ་གསུང་ཆོས་གནང་པའི་སྐབས་གློ་ བུར་དུ་བྱང་ཆུབ་ལམ་ཆོས་ཚོགས་སུ་དགོངས་པ་རྫོགས་ཡོད་པ་རེད།།