འཁོན་འཛིན་བྱེད་ཡུལ་ནོར་མི་རུང་།

བོད་ཀྱི་བང་ཆེན་སྤྱིའི་འདོན་ཐེངས་ ༨༠༧ ཕྱི་ལོ་ ༢༠༢༠/༠༦/༡༧

ལོ་འདིར་བོད་པ་མང་པོ་ཞིག་གིས་རྒྱ་དམར་གཞུང་ལ་མི་འདོད་པའི་རྣམ་འགྱུར་ཤུགས་ཆེན་པོ་སྟོན་བཞིན་འདུག་པ་དང་། དེ་ནི་རྒྱ་ནག་གི་ཏོག་དབྱིབས་ནད་དུག་འཛམ་གླིང་ཧྲིལ་པོའི་ཁོར་ཡུག་ཏུ་ཁྱབ་བརྡལ་སོང་ནས་རྒྱ་ནག་ལ་འཁོན་འཛིན་བྱེད་མཁན་མང་དུ་འགྲོ་བཞིན་ཡོད་པས་རེད། བཙན་བྱོལ་བོད་པའི་སྤྱི་ཚོགས་ནང་འདས་པའི་དུས་ཡུན་གང་འཚམས་རིང་། རྒྱ་དམར་གཞུང་ཙམ་ལས་རྒྱ་མི་རིགས་ལ་འཁོན་འཛིན་གང་ཡང་མེད་པར་གྲོགས་པོ་ཡིན་པའི་ལྟ་ཚུལ་དེ་ཤུགས་ཆེ་རུ་སོང་ཡོད། ཕྱོགས་གཅིག་ནས་བོད་ལ་བཙན་འཛུལ་བྱེད་མཁན་གྱི་འཆར་འགོད་པ་རྒྱ་དམར་གཞུང་ཡིན་པ་ལས་རྒྱ་མི་རིགས་ཆ་ཚང་མིན་ནའང་། རྒྱ་གཞུང་གི་དྲིལ་བསྒྲགས་སློབ་གསོའི་འོག་ནས་ཀླད་པར་ཚད་བཀག་ཡོད་པའི་རྒྱ་རིགས་ཕལ་མོ་ཆེ་ནི་རྒྱ་གཞུང་གིས་གང་བཤད་པ་དེ་ཁོ་ནར་ཚད་འཛིན་བྱེད་མཁན་ཡིན་པས། བོད་རྒྱ་ཁོངས་ཡིན་པ་དང་། བོད་མི་རིགས་ནི་རྒྱ་མི་རིགས་ལས་དམན་པའི་འདུ་ཤེས་ཨ་འཐས་སུ་གྲུབ་ཟིན་པས་རྒྱ་མི་རིགས་དེ་བོད་ཀྱི་དགྲ་བོ་མིན་པའི་བསམ་བློ་དེར་ཆབ་སྲིད་ཀྱི་ཐོག་ནས་ཉེན་ཁ་ཆེན་པོ་ཡོད།

བོད་པ་ལ་བོད་པའི་བསམ་བློ་དང་འདུ་ཤེས་བརྟན་པོ་ཞིག་བསྐྲུན་ཐུབ་ན་རབ་ཡིན་པ་དང་། གལ་སྲིད་མ་ཐུབ་ཀྱང་བོད་མི་རྣམས་ལ་རྒྱ་མི་རིགས་གྲོགས་པོ་ཡིན་པའི་འདུ་ཤེས་ཡོད་པ་ཞིག་ཆགས་སོང་ན། རིམ་པས་བོད་ཀྱི་གནད་དོན་དེ་མེ་རང་ཤི་དང་། དུ་བ་རང་ཡལ་དུ་འགྱུར་ངེས་རེད། བོད་ཀྱི་ཆོས་དང་རིག་གནས་རྒྱུད་འཛིན་གྱི་བསམ་བློ་དེ་ཡང་རང་བཞིན་གྱིས་རྒྱ་མི་རིགས་ཀྱི་རིག་གནས་དང་འདུ་ཤེས་ནང་ཆུ་ལ་ཆུ་བཞག་ལྟར་ཐིམ་རྒྱུ་ལས་མེད། གལ་སྲིད་རྒྱ་དམར་གཞུང་ལས་རྒྱ་མི་རིགས་དགྲ་བོ་མིན་ན་རྒྱ་དམར་གཞུང་གི་དཔོན་རིགས་རྣམས་དུས་ནས་དུས་སུ་འགྱུར་བ་འགྲོ་བཞིན་པ་དང་། དམར་གཞུང་གི་དཔོན་རིགས་ཁག་ཀྱང་རྒྱ་མི་རིགས་ཀྱི་ནང་ནས་རིམ་བཞིན་ཐོན་ཡོང་གི་ཡོད། གནད་དོན་འདིའི་ཐོག་ནས་རྒྱ་དམར་གཞུང་དགྲ་བོ་ཡིན་པ་བཞིན། རྒྱ་མི་རིགས་ཀྱང་དགྲ་བོ་ཡིན་པའི་འདུ་ཤེས་དེ་དགོས་ཤིང་། བོད་རྒྱའི་རྩོད་རྙོག་ནི་ཆོས་དད་རང་དབང་དང་། འགྲོ་བ་མིའི་ཐོབ་ཐང་ཙམ་མ་ཡིན་པར། མི་རིགས་དང་བདག་དབང་གི་རྩོད་རྙོག་ཅིག་ཡིན་པ་དེ་ཡང་མི་རབས་གསར་པའི་འདུ་ཤེས་ནང་ཡོད་དགོས།

ལོ་འདིར་རྒྱ་ནག་གི་ནད་ཡམས་ལ་བརྟེན་ནས་རྒྱ་དམར་གཞུང་དང་། རྒྱ་མི་རིགས་ལ་འཛམ་གླིང་གི་ཁྱོན་དུ་ལྟ་ཚུལ་སྡུག་ཏུ་སོང་ཡོད་པ་དེ་ནི། བོད་པ་དང་བོད་དོན་འཐབ་རྩོད་ཀྱི་ཐོག་གོ་སྐབས་ཧ་ཅང་གལ་གནད་ཅན་ཞིག་ཏུ་གྱུར་ཡོད། ད་ལན་མིག་སྔར་ཡོད་པའི་གོ་སྐབས་འདི་ཉིད་དམ་འཛིན་བྱེད་མ་ཐུབ་ན་བོད་དོན་འཐབ་རྩོད་ཀྱི་གོ་སྐབས་བཟང་པོ་འདི་ལྟ་བུ་ཞིག་མ་འོངས་པར་རག་དཀའ་བའི་གནས་སུ་གྱུར་ཡོད། ད་དུང་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་ཀྱི་སྒྲོམ་གཞིའི་འོག་ནས་རྒྱུན་འཁྱོངས་གསུམ་ཁས་ལེན་དང་། མི་རིགས་ས་གནས་རང་སྐྱོང་གི་གནས་བབས་ཤིག་རྩོད་ལེན་བྱ་རྒྱུའི་འཆར་གཞི་དེ་བསྐྱར་དུ་དམ་འཛིན་བྱ་རྒྱུ་ཡིན་ན། རྒྱལ་སྤྱིའི་ཁྱོན་དུ་བོད་དོན་དེ་ཡང་རྒྱ་དམར་གཞུང་གི་ཕྱོགས་སུ་བཅད་དེ། རྒྱལ་སྤྱིའི་ནང་ཤུགས་རྐྱེན་དང་ནུས་པ་གང་ཡང་མེད་པ་ཞིག་ཏུ་འགྱུར་ངེས་རེད། རྒྱལ་སྤྱིའི་ཁོར་ཡུག་དང་མཐུན་པའི་གོམ་པ་ཞིག་སྤོ་མ་ཐུབ་ན་ལོ་འདིར་རྒྱལ་སྤྱིའི་ཁྱོན་དུ་ཡུ་གུར་གྱི་གནད་དོན་དང་། ཧོང་ཀོང་གི་གནད་དོན་ལས་བོད་དོན་ཐད་གྲག་འགུལ་ཉུང་དུ་འགྲོ་བཞིན་འདུག

སྤྱིར་དེང་སྐབས་རྒྱ་ནད་ཀྱི་རྐྱེན་པས་ཕན་ཚུན་འགྲོ་བསྐྱོད་ལ་བཀག་རྒྱ་ཧ་ཅང་ཆེ་བས། བོད་དོན་ལས་འགུལ་སྤེལ་རྒྱུར་དཀའ་ངལ་ཆེན་པོ་ཡོད་ནའང་། ལོ་འདིའི་རྒྱ་ནད་ལ་བརྟེན་ནས་བྱུང་བའི་དཀའ་ངལ་གྱི་མཇུག་འབྲས་དེ་དག་མ་འོངས་པའི་ལོ་གཉིས་གསུམ་ནང་སྡོད་ངེས་ཡིན་པ་དང་། བོད་དོན་ཞུ་གཏུག་དང་། ངོ་རྒོལ་སྐད་འབོད་ཀྱི་ལས་འགུལ་སྤེལ་རྒྱུའི་ཁོར་ཡུག་དང་གོ་སྐབས་གཅིག་རྗེས་གཉིས་མཐུད་དུ་ཡོང་རྒྱུ་ཡིན་པ་མ་ཟད། དེ་ལ་བརྟེན་ནས་བོད་དོན་ལ་རྒྱབ་སྐྱོར་མང་དུ་འགྲོ་བ་དང་། བོད་དོན་དེ་རྒྱལ་སྤྱིའི་ཐོག་ནས་རྒྱ་ནག་ལ་ཁ་གཏད་གཅོག་པའི་ལག་ཆ་ཡག་ཤོས་ཤིག་ཏུ་བསྒྱུར་ཐུབ་ན། བོད་ཀྱི་འཐབ་རྩོད་དེར་རྒྱལ་སྤྱིའི་སྟེང་ནས་གྲོགས་མེད་ཁེར་རྐྱང་དུ་མི་ལུས་པ་དང་། རྒྱལ་ཁབ་སོ་སོར་བོད་དོན་ལ་བརྟེན་ནས་ཁེ་ཕན་ལེན་ཐུབ་པ་ཞིག་ཆགས་ན་ཕྱོགས་གཉིས་ཀ་ནས་གོ་སྐབས་ཡོད་པ་ལས། རྒྱལ་ཁབ་ཅིག་གི་བོད་དོན་རྒྱབ་སྐྱོར་ཞེས་པ་དེ་རྒྱལ་ཁབ་སོ་སོའི་ཁེ་ཕན་དང་འབྲེལ་བ་མེད་པ་ཞིག་ཡིན་ན། གནད་དོན་གལ་ཆེན་པོ་ཡིན་པ་ཙམ་གྱིས་རྒྱབ་སྐྱོར་བྱེད་མི་སྲིད་པ་ཞིག་རེད།

མདོར་ན་དགྲ་ལ་དགྲ་ཡི་འདུ་ཤེས་དང་། གཉེན་ལ་གཉེན་གྱི་འདུ་ཤེས་མེད་ན་བོད་ཀྱི་འཐབ་རྩོད་དེ་ཡང་ཤི་ཟིན་པ་ཡིན་ཞིང་། འདས་པའི་མི་ལོ་བཅུ་ཕྲག་གཉིས་ལྷག་རིང་། བཙན་བྱོལ་བོད་མིའི་སྤྱི་ཚོགས་ནང་དགྲ་ལ་དགྲ་ཡི་འདུ་ཤེས་ཆུང་དུ་འགྲོ་བ་དང་། གཉེན་ལ་གཉེན་གྱི་འདུ་ཤེས་ཀྱང་ཞན་དུ་འགྲོ་བ་ལྟ་བུའི་ཁོར་ཡུག་ཅིག་སླེབས་ཡོད་པ་ནི། འཐབ་རྩོད་ཀྱི་གྱོང་གུད་ཆེན་པོ་ཞིག་ཏུ་གྱུར་ཡོད། དུས་ཡུན་དེའི་རིང་བཙན་བྱོལ་བོད་གཞུང་གི་སྲིད་བྱུས་ལངས་ཕྱོགས་གཅིག་པུ་མ་ཡིན་པར། ཨ་རིས་གཙོས་རྒྱལ་སྤྱིའི་སྟེང་ནས་ཀྱང་རྒྱ་ནག་ལ་གོ་སྐབས་དང་མཐུན་རྐྱེན་གང་ཡོད་སྤྲད་ནས། བོད་དོན་འཐབ་རྩོད་སོགས་ལ་རྒྱབ་སྐྱོར་དེ་རྣམ་འགྱུར་ཙམ་དུ་གྱུར་ཡོད། ད་ཆ་རྒྱ་ནག་གི་བྱེད་སྟངས་ལ་བརྟེན་ནས་རྒྱལ་སྤྱིའི་ཁྱོན་ཡོངས་སུ་ཨ་རི་སོགས་ཀྱི་གོ་སྐབས་མང་པོ་ཞིག་རྒྱ་ནག་གིས་འཕྲོགས་བཞིན་པ་མ་ཟད། རྒྱ་ནག་གིས་ཨ་རིའི་སྐེ་བཞོན་རྒྱུའི་འཆར་གཞི་འཐེན་བཞིན་པས་རང་བཞིན་གྱིས་ཨ་རི་སོགས་ཤར་ནུབ་ཀུན་ནས་རྒྱ་ནག་ལ་ཁ་གཏད་གཅོག་ངེས་ཡིན་པ་དང་། བོད་པས་ཀྱང་དེ་ལུགས་ཀྱིས་གོ་སྐབས་འཛིན་ཐུབ་དགོས།།