འགྲོ་ཕན་བོད་ཀྱི་སྨན་རྩིས་ཁང་དབུ་བརྙེས་ནས་མི་ལོ་༦༥ འཁོར་བའི་དུས་ཆེན་དང་སློབ་ཐོན་མཛད་སྒོ།
དེ་རིང་འགྲོ་ཕན་བོད་ཀྱི་སྨན་རྩིས་ཁང་༧རྒྱལ་བ་སྐུ་ཕྲེང་བཅུ་བཞི་པ་མཆོག་གིས་ཕྱི་ལོ་༡༩༦༡ ལོར་བཞུགས་སྒར་རྡ་སར་འགྲོ་ཕན་བོད་ཀྱི་སྨན་རྩིས་ཁང་གསར་འཛུགས་བསྐྱར་གསོ་མཛད་ནས་མི་ལོ་༦༥ འཁོར་བའི་དུས་ཆེན་སྲུང་བརྩི་ཞུས་སོང་། སྐབས་དེར་སྨན་སློབ་སྐབས་༢༣ པ་དང་རྩིས་སློབ་སྐབས་༡༣ པའི་སྨན་པ་དང་རྩིས་པ་ཁྱོན་༢༦ སློབ་ཐོན་གནང་སོང་ལ། དེའི་ནང་ནས་སྨན་པ་ཁྱོན་༡༨ དང་རྩིས་པ་༨ སློབ་ཐོན་གནང་སོང་།

ཕྱི་ལོ་༢༠༢༦ ཟླ་༣ ཚེས་༢༣ ཉིན། འགྲོ་ཕན་བོད་ཀྱི་སྨན་རྩིས་ཁང་གི་མཐོ་སློབ་ཚོགས་ཁང་དུ། ༧རྒྱལ་བ་སྐུ་ཕྲེང་༡༣ པ་ཆེན་པོ་མཆོག་གིས་ཕྱི་ལོ་༡༩༡༦ ལོར་ལྷ་ལྡན་འགྲོ་ཕན་སྨན་རྩིས་ཁང་ཕྱག་བཏབ་ནས་མི་ལོ་༡༡༠ འཁོར་བ་དང་། ༧རྒྱལ་བ་སྐུ་ཕྲེང་བཅུ་བཞི་པ་མཆོག་གིས་ཕྱི་ལོ་༡༩༦༡ ལོར་བཞུགས་སྒར་རྡ་སར་འགྲོ་ཕན་བོད་ཀྱི་སྨན་རྩིས་ཁང་གསར་འཛུགས་བསྐྱར་གསོ་མཛད་ནས་མི་ལོ་༦༥ འཁོར་བའི་དུས་ཆེན་སྲུང་བརྩི་ཞུས་སོང་། མཛད་སྒོའི་ཐོག་ཏུ་སྐུ་མགྲོན་གཙོ་བོར་བོད་མིའི་སྒྲིག་འཛུགས་ཀྱི་འཕྲོད་བསྟེན་དྲུང་ཆེ་བྱམས་པ་ཕུན་ཚོགས་དང་། གཞན་ཡང་སྐུ་མགྲོན་དགའ་ལྡན་ཕོ་བྲང་གི་དྲུང་ཆེ་སྐུ་ངོ་བློ་བཟང་སྦྱིན་པ། བོད་ཁྱིམ་སློབ་གྲྭའི་སྤྱི་ཁྱབ་འགན་འཛིན་བསོད་ནམས་སྲི་གཅོད་བཅས་ཕེབས་གནང་འདུག
མཛད་སྒོའི་ཐོག་སྐུ་མགྲོན་གཙོ་བོ་བོད་མིའི་སྒྲིག་འཛུགས་ཀྱི་འཕྲོད་བསྟེན་དྲུང་ཆེ་བྱམས་པ་ཕུན་ཚོགས་ཀྱིས་འདི་ལོའི་སྨན་སློབ་སྐབས་༢༣ པ་དང་རྩིས་སློབ་སྐབས་༡༣ པའི་སྨན་རྩིས་གཉིས་ཀྱི་སློབ་ཐོན་པ་རྣམས་ལ་སློབ་ཐོན་ཕྱག་འཁྱེར་གནང་སོང་ལ། སྐུ་མགྲོན་གཙོ་བོར་བོད་མིའི་སྒྲིག་འཛུགས་ཀྱི་འཕྲོད་བསྟེན་དྲུང་ཆེ་བྱམས་པ་ཕུན་ཚོགས་ཀྱིས་བོད་ཀྱི་གསོ་བ་རིག་པ་དེ་རྒྱལ་སྤྱིའི་སྨན་ལུགས་གཞན་དང་གཅིག་མཚུངས་སམ་འདྲ་མཉམ་ཐོག་ནས་ཁས་ལེན་ཐུབ་པ་ཞིག་བཟོ་རྒྱུ་ནི་ཧ་ཅང་གལ་ཆེན་པོ་ཡིན་པ་དང་དེ་འདྲ་ཞིག་ཡོང་བ་ལ་བོད་པའི་སྨན་པ་ཚོས་ངོས་ནས་འབད་བརྩོན་བྱེད་དགོས་པ་གསུངས་སོང་།
དེ་བཞིན་སྨན་སློབ་སྐབས་༢༣ པ་དང་རྩིས་སློབ་སྐབས་༡༣ པའི་སློབ་ཐོན་སྨན་པ་དང་རྩིས་པ་རྣམས་ལ་ཕྱག་འཁྱེར་གནང་བ་དང་། སྨན་རྩིས་དང་འབྲེལ་བའི་དཔེ་དེབ་གྲངས་༡༠ དབུ་འབྱེད་གནང་སོང་། དེ་བཞིན་སྨན་སློབ་སྐབས་༢༣ པའི་ཁྲོད་ནས་རྒྱུད་གསུམ་ཆ་ཚང་ངག་རྒྱུགས་འབུལ་མཁན་སྨན་པ་གཅིག་བྱུང་འདུག་པ་དང་། སྨན་པ་ཁོང་གི་མཚན་ལ་ཚེ་རིང་སྲིད་ཐར་ཡིན་པ་དང་། ཁོང་ལ་བཅར་འདྲི་བྱེད་སྐབས་གསུང་དོན། ཁོང་གིས་སྨན་པའི་སློབ་གཉེར་གནང་བའི་རིང་རྒྱུན་དུ་རྒྱུད་གསུམ་ཉིན་ལྟར་ཞལ་འདོན་ལྟར་འདོན་གྱི་ཡོད་པ་དང་། སྤྱིར་བཏང་རྒྱུད་གསུམ་ངག་རྒྱུགས་གཏོང་རྒྱུ་ནི་ཧ་ཅང་ཁག་པོ་ཡིན་པ་དང་། འདི་ལོ་མོ་རང་གཅིག་པུ་ངག་རྒྱུགས་འཕྲོད་ཡོད་པས་ཧ་ཅང་དགའ་ཚོར་དང་སྤོབས་པ་ཆེན་པོ་སྐྱེས་ཡོད་སྐོར་གསུངས། རྒྱུད་གསུམ་ངག་རྒྱུགས་གཏོང་ཐུབ་ན་ནད་པར་སྨན་བཅོས་བྱེད་སྐབས་སྨན་གཞུང་དངོས་སུ་ལག་ལེན་ཡག་པོ་བསྟར་ཐུབ་མིན་ལ་ཕན་ཐོགས་ཆེན་པོ་ཡོད་པས། རྒྱུད་གསུམ་ངག་རྒྱུགས་གཏོང་རྒྱུ་ནི་བོད་ཀྱི་གསོ་བ་རིག་པའི་ནང་གལ་ཆེན་པོ་བརྩི་ཡི་ཡོད་སྐོར་གསུངས།
དེ་རྗེས་འདི་ལོའི་སྨན་རྩིས་གཉིས་ཀྱི་སློབ་ཐོན་པ་དགུ་ལ་བཅར་འདྲི་ཞུས་པས་ཁོང་རྣམས་ཀྱིས་གཅིག་མཚུངས་སུ་གསུང་དོན། ཁོང་རྣམས་ཀྱིས་འདས་པའི་ལོ་དྲུག་ཙམ་རིང་དཀའ་ལས་བརྒྱབ་པས། ད་ཆ་གྲུབ་འབྲས་སྨིན་སོང་བསམ་པའི་ཚོར་བ་ཆེན་པོ་ཞིག་དང་སྤོབས་པ་ཆེན་པོ་ཞིག་ཡོང་གི་འདུག གང་ལགས་ཞེ་ན། སྨན་རྩིས་གཉིས་ནི་བོད་ཀྱི་རིག་གནས་ཆེ་ཆུང་གཉིས་ཀྱི་ཁོངས་སུ་ཚུད་ཀྱི་ཡོད་པས། རང་མི་རིགས་ཀྱི་རིག་གཞུང་མི་ཉམས་རྒྱུན་འཛིན་ཐད་མ་འོངས་པར་ལེགས་སྐྱེས་ཆུང་ཆུང་རེ་འབུལ་ཐུབ་པའི་རེ་བ་བྱེད་ཀྱི་ཡོད་ཅེས་གསུངས་འདུག འོན་ཀྱང་། ཕྱོགས་གཞན་ཞིག་ནས་ཁོང་རྣམས་ཀྱི་སེམས་ལ་སེམས་འཚབ་དང་དངངས་སྐྲག་ཡོང་གི་འདུག་ཅེས་གསུངས། རྒྱུ་མཚན་ནི་འདི་ལོ་ཁོང་རྣམས་སློབ་ཐོན་བྱུང་ཡང་རང་གི་ཁྱད་ལས་ཐོག་ལས་ཀ་མི་རག་པ་དང་། སྤྱི་ཚོགས་ནང་དངོས་སུ་ཐོན་ནས་རང་གི་མི་ཚེ་གསར་པ་ཞིག་འགོ་འཛུགས་དགོས་དུས་སེམས་ལ་ཞེད་སྣང་དང་དངངས་སྐྲག་ཡོད་པ་གསུངས་བྱུང་། འདི་ལོའི་རྩིས་པའི་སློབ་ཐོན་པ་ཁྱོན་༨ བྱུང་འདུག་པ་དང་། ཁོང་རྣམས་ནི་འགྲོ་ཕན་བོད་ཀྱི་སྨན་རྩིས་ཁང་ནས་ཐོན་མཁན་མཐའ་མ་དེ་ཡིན་སྐོར་བརྗོད་ཀྱི་འདུག
དེ་བཞིན་ཞབས་ལོ་༣༠ དང་༢༠ འཁོར་མཁན་ལས་བྱེད་རྣམས་ལ་གཟེངས་བསྟོད་དང་ལེགས་གསོལ་ཕྱག་འཁྱེར་སོགས་ཕུལ་སོང་།།
གསར་འགོད་པ། བསོད་ནམས་ཕུན་ཚོགས།
