འཇར་མན་གཙོས་པའི་ཡུ་རོབ་རྒྱལ་ཁབ་ཁག་ཅིག་ནང་ཆུ་ལོག་ཆེན་པོ་བྱུང་འདུག
ནུབ་ཡུ་རོབ་ཁུལ་ཏུ་ཆར་པ་ཆེན་པོ་བབས་ནས་གཙང་པོ་ལུད་རྐྱེན། ཆུ་ལོག་གི་གནོད་འཚེ་བྱུང་འདུག་པ་དང་། གནོད་སྐྱོན་ཆེ་ཤོས་བྱུང་ཡུལ་འཇར་མན་ནང་དུ་ཉུང་མཐར་མི་གྲངས་༨༠ གྲོངས་ཡོད་ཁར། ཆུ་ལོག་ཁྲོད་བོར་བརླག་སོང་བའི་མི་གྲངས་སྟོང་ཕྲག་ཁ་ཤས་ཡོད་འདུག འགོ་ཁྲིད་ཚོས་གོད་ཆག་འདི་ནི་འཛམ་གླིང་གི་གནམ་གཤིས་འགྱུར་ལྡོག་ལ་བརྟེན་ནས་ཡིན་སྐོར་བརྗོད་བཞིན་འདུག
ཟླ་༧ པའི་ཚེས་༡༦ ཉིན་རྒྱལ་སྤྱིའི་བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་གསལ། ནུབ་ཡུ་རོབ་ཁུལ་ཏུ་ཆར་པ་ཆེན་པོ་བབས་འདུག་པ་དང་། དེའི་ནང་ནས་འཇར་མན་རྒྱལ་ཁབ་ཀྱི་མངའ་ཁུལ་ཁག་ཅིག་ཏུ་ལོ་ངོ་བརྒྱ་ཡི་ནང་དུ་འབབ་མྱོང་མེད་པའི་ཆར་པ་ཆེན་པོ་བབས་ནས། ཆུ་ལོག་བྱུང་ནས་ཁང་པ་སོགས་རྡིབ་སྐྱོན་བྱུང་ཡོད་པ་རེད།
ད་ལྟའི་ཆར་འཇར་མན་ནང་དུ་ཉུང་མཐར་མི་གྲངས་༨༠ ཡི་ཚེ་སྲོག་ཤོར་བ་དང་། ཆུ་ལོག་ཁྲོད་བོར་བརླག་སོང་བ་མི་གྲངས་སྟོང་ཕྲག་ཁ་ཤས་སོང་ཡོད་འདུག་པས། ཚེ་སྲོག་ཤོར་མཁན་གྱི་གྲངས་ཀ་འཕར་རྒྱུ་ངེས་གཏན་ཡིན་འདུག དེ་བཞིན་བྷེལ་ཇེམ་ནང་དུ་ཉུང་མཐར་མི་གྲངས་༡༡ ཀྱི་ཚེ་སྲོག་ཤོར་ཡོད་འདུག་པ་དང་། རྒྱལ་ཁབ་དེའི་གྲོང་ཁྱེར་ཆེ་གྲས་ཤིག་གི་མི་མང་རྣམས་ས་གནས་གཞན་ཏུ་ཉེན་ཡོལ་བྱེད་དགོས་པའི་བཀའ་བཏང་འདུག་པ་དང་། ཉེན་ཡོལ་བྱེད་མི་ཐུབ་མཁན་ཚོ་ཁང་རྩེག་གི་ཐོག་ཏུ་འདུག་དགོས་སྐོར་བརྗོད་འདུག དེ་ཡང་ཁུལ་དེའི་གཙང་པོ་ཞིག་གི་མཐོ་ཚད་འཕར་ནས་ཆུ་རག་གི་ཟམ་པར་རྡིབ་སྐྱོན་འབྱུང་སྲིད་པའི་ཉེན་ཁ་མཐོང་གི་ཡོད་འདུག
ཡུ་རོབ་རྒྱལ་ཁབ་ནཱེ་ཐར་ལན་ཌ་ནང་དུ་ཡང་ཆུ་ལོག་བྱུང་ནས། ས་ཁུལ་ཁག་ཅིག་ནས་མི་མང་རྣམས་ཉེན་ཡོལ་བྱེད་དགོས་པའི་བཀའ་བཏང་ཡོད་པ་དང་། དེ་བཞིན་སུད་སི་དང་ལུ་སིམ་བྷོག་ལ་ཡང་ཆུ་ལོག་བྱུང་ཡོད་པ་རེད།
ཚན་རིག་པ་ཚོས་བརྗོད་དོན་ལྟར་ན། གོ་ལའི་ཚ་དྲོད་འཕར་བ་དང་བསྟུན། རླུང་ཚ་དྲོད་ཆེ་བ་ཡིས་ཆུ་རླང་མང་བ་གསོག་ཉར་བྱེད་ཐུབ་ཀྱི་ཡོད་པ་དང་། དེ་དག་རྗེས་སུ་མར་ཆར་པ་འབབ་སྐབས་ཆར་པ་ཆེན་པོ་ཆགས་ཀྱི་ཡོད་སྐོར་བརྗོད་བཞིན་འདུག །
གསར་འགོད་པ་སྐལ་བཟང་དོན་གྲུབ།
