འཇར་མན་གྱི་ཕྱི་སྲིད་བློན་ཆེན་གྱིས་རྒྱ་ནག་གི་སྲིད་འཛིན་ལ་སྒེར་གཅོད་པ་ཞེས་བོས།

ཟླ་འདིའི་ཚེས་༡༩ ཉིན་རྒྱལ་སྤྱིའི་གསར་འགྱུར་བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་གསལ་ལྟར་ན། ཉེ་ཆར་འཇར་མན་གྱི་ཕྱི་སྲིད་བློན་ཆེན་གྱིས་རྒྱ་ནག་གི་སྲིད་འཛིན་ལ་སྒེར་གཅོད་པ་ཞེས་བོས་ཡོད་པས་ཕྱོགས་གཉིས་ཀྱི་འབྲེལ་ལམ་ལ་དོ་ཕོག་བཏང་བའི་གནས་ཚུལ་གསར་ཤོས་དེ་ཡིན་པའི་གནས་ཚུལ་ཐོན་འདུག

ཇར་མན་གྱི་ཕྱི་སྲིད་བློན་ཆེན་(Annalena Baerbock) པར། རོའུ་ཊར་གསར་ཁང་།

ཟླ་འདིའི་ཚེས་༡༤ ཉིན་ཇར་མན་གྱི་ཕྱི་སྲིད་བློན་ཆེན་(Annalena Baerbock) ཨ་རི་ལ་འཚམས་གཟིགས་སུ་ཕེབས་པའི་སྐབས། ཨ་རིའི་(Fox) ་གསར་ཁང་གིས་འཇར་མན་གཞུང་གིས་ཡུག་རེན་ལ་རོགས་རམ་བྱེད་ཕྱོགས་དང་འབྲེལ་བའི་བཅར་འདྲི་ཞིག་བྱས་ཡོད་འདུག། སྐབས་དེར་ཁོང་གིས་གལ་སྲིད་ཨུ་རུ་སུའི་སྲིད་འཛིན་ལ་དམག་འཁྲུག་གི་རྒྱལ་ཁ་ཐོབ་ཚེ། རྒྱ་ནག་གི་སྲིད་འཛིན་ཞིན་ཅིང་ཕིང་དང་འདྲ་བའི་སྒེར་གཅོད་པ་གཞན་པ་ཚོ་ལ་བརྡ་ལན་ཅི་ཞིག་འགྲོ་ཡི་རེད། དེར་བརྟེན། ཡུག་རེན་ལ་དམག་འཁྲུག་གི་རྒྱལ་ཁ་ཐོབ་དགོས་ཀྱི་རེད་ཅེས་དྲིས་ལན་གནང་ཡོད་འདུག

ཉེ་བའི་ཟླ་འགའི་རིང་ལ་འཇར་མན་གྱི་ཕྱི་སྲིད་བློན་ཆེན་གྱིས་རྒྱ་གཞུང་ལ་སྐྱོན་བརྗོད་དྲག་པོ་བྱས་ཡོད་འདུག ཐེངས་འདིར་ཁོང་གིས་རྒྱ་ནག་གི་སྲིད་འཛིན་ལ་སྒེར་གཅོད་པ་ཞེས་བོས་པར་རྒྱ་ནག་གཞུང་གིས་ཁོང་ལ་ཟླ་འདིའི་ཚེས་༡༨ ཉིན་སྐྱོན་བརྗོད་བྱས་ཡོད་འདུག

རྒྱ་ནག་གི་ཕྱི་སྲིད་ལས་ཁུངས་ཀྱི་མགྲིན་ཚབ་པ་མའོ་ཉིང་(Mao Ning) ཡིས་འཇར་མན་ཕྱི་སྲིད་ལས་ཁུངས་ཀྱི་སྐད་ཆ་དེ་ནི་ཁུངས་ལུང་མེད་པ་དང་ཆབ་སྲིད་ཀྱི་འཁྲུག་རྐྱེན་སློང་བའི་སྐད་ཆ་རེད་ཅེས་སྐྱོན་བརྗོད་བྱས་ཡོད་འདུག

འཇར་མན་གྱི་ཕྱི་སྲིད་བློན་ཆེན་གྱིས་ཉེ་བའི་ཟླ་འགའི་ནང་རྒྱ་ནག་གི་གོ་ལ་ཧྲིལ་པོའི་ཧམ་སེམས་ལ་དོགས་དྲི་གནང་ཡོད་པ་དང་། རྒྱ་ནག་གི་འགྲོ་བ་མིའི་ཐོབ་ཐང་ལ་བཙན་གནོན་བཏང་བར་སྐྱོན་བརྗོད་བྱས་པ་མ་ཟད། རྒྱ་གཞུང་གིས་ཨུ་རུ་སུའི་དམག་འཁྲུག་གི་ཐོག་ལ་ལངས་ཕྱོགས་གསལ་བོ་བཟོ་དགོས་པའི་འབོད་སྐུལ་ཡང་ཞུས་ཡོད་འདུག ལྷག་པར་དུ་ལོ་འདིའི་ཟླ་བ་༧ པའི་ནང་ཁོང་གིས་འཇར་མན་གྱིས་རྒྱ་ནག་ལ་བརྟེན་ཚད་ཉུང་དུ་གཏོང་བའི་འཐབ་ཇུས་གསར་པ་ཞིག་ཁྱབ་བསྒྲགས་བྱས་ཡོད་འདུག

གཞན་ཡང་ཁོང་གིས་རྒྱ་ནག་གིས་ཐེ་ཝན་ཕྱོགས་སུ་འཛིན་པའི་དྲག་པོའི་བྱ་སྤྱོད་ལ་ཉེན་བརྡ་བཏང་ཡོད་པ་མ་ཟད། རྒྱ་ནག་ནི་རྒྱུད་རིམ་ལྡན་པའི་འགྲན་ཡ་ཞིག་ལས་ཉོ་ཚོང་གི་རོགས་ཟླ་ཞིག་མིན་ཞེས་བརྗོད་མྱོང་ཡོད་འདུག

རྒྱ་ནག་གི་སྲིད་འཛིན་ལ་སྒེར་གཅོད་པ་ཞེས་འབོད་མཁན་ཁོང་ཉིད་ཐེངས་དང་པོ་མིན་ཞིང་། ལོ་འདིའི་ཕྱི་ཟླ་༦ པའི་ནང་། ཨ་རྒྱ་གཉིས་ཀྱི་འབྲེལ་བ་སྲ་བརྟན་ཡོང་ཆེད་ཨ་རིའི་ཕྱི་སྲིད་དྲུང་ཆེ་རྒྱ་ནག་ལ་འཚམས་གཟིགས་སུ་ཕེབས་ནས་ཕྱིར་ལོག་རྗེས། ཨ་རིའི་སྲིད་འཛིན་གྱིས་རྒྱ་ནག་གི་སྲིད་འཛིན་ལ་སྒེར་གཅོད་པ་ཅེས་བརྗོད་ཡོད་པ་སོགས་ཀྱི་གནས་ཚུལ་ཐོན་འདུག།

གསར་འགོད་པ། བློ་བཟང་རྒྱ་མཚོ།