འདི་ལོའི་དགེ་བཤེས་མའི་རྒྱུགས་སྤྲོད་མཇུག་བསྒྲིལ་ཡོད་པ་རེད།
ཟླ་འདིའི་ཚེས་༡ ནས་བཟུང་ཉིན་གྲངས་༡༢ རིང་བོད་གཞུང་ཆོས་རིག་ལས་ཁུངས་ཀྱི་གོ་སྒྲིག་སྟིང་འཛིན་འོག དགེ་བཤེས་མའི་རྒྱུག་སྤྲོད་ལོ་རིམ་གསུམ་དེ་ཉིད་རྒྱ་གར་ལྷོ་ཕྱོགས་མོན་གྷོ་ས་གནས་སུ་རྟེན་གཞི་བྱས་པའི་བཙུན་དགོན་བྱང་ཆུབ་གླིང་དུ་དབུས་འཛུགས་བྱས་ཡོད་པ་དང་། ཕྱི་ཚེས་༡༢ ཉིན་མཇུག་གྲོལ་ཡོད་པ་རེད།
དེ་ཡང་བོད་གཞུང་ཆོས་རིག་ལས་ཁུངས་ཀྱི་དགེ་བཤེས་མའི་རྒྱུག་སྤྲོད་དོ་དམ་ཚོགས་ཆུང་གི་ལས་བྱེད་ཐུབ་བསྟན་ལ་ཐེངས་འདིའི་དགེ་བཤེས་མའི་རྒྱུག་སྤྲོད་སྐོར་ལ་གསར་འགོད་པས་བཅར་འདྲི་བྱས་པར།
དགེ་བཤེས་མའི་རྒྱུག་སྤྲོད་འདི་ཕྱི་ལོ་༢༠༡༣ ལོ་ནས་བཟུང་༧གོང་ས་མཆོག་གི་དགོངས་གཞི་གཞིར་དངོས་སུ་འགོ་འཛུགས་བྱས་པ་དང། ད་ཐེངས་དགེ་བཤེས་པའི་རྒྱུག་སྤྲོད་ལོ་རིམ་གསུམ་པ་རེད། དགེ་བཤེས་མའི་རྒྱུག་སྤྲོད་གཏོང་དགོས་པའི་རྒྱུ་མཚན་གཙོ་བོ་གཞུང་ཆེན་བཀའ་པོད་ལྔ་ལ་སློབ་སྦྱོང་བྱས་པའི་སླབ་པ་མཐར་སོན་པའི་བཙུན་མ་རྣམས་པ་དང་། ལྷག་པར་དུ་དགེ་ལུགས་པའི་བཙུན་མ་ཚོར་དམིགས་བསལ་གྱི་མཚན་གནས་གང་ཡང་ཐོབ་ཀྱི་ཡོད་པ་མ་རེད། ཕར་ཕྱིན་རབ་འབྱམས་པ་དང་དབུ་མ་རབ་འབྱམས་པའི་ལག་འཁྱེར་བཙུན་དགོན་སོ་སོའི་སྤྲོད་ཀྱི་ཡོད་པ་ཙམ་ལས། དགེ་ལུགས་པའི་བཙུན་དགོན་སྤྱི་ལ་ཁྱབ་པའི་མཚན་གནས་མེད་པས། དེང་སང་གི་དགེ་བཤེས་དང་མཚན་གནས་མཉམ་པ་ཞིག་དགོས་ཀྱི་འདུག་ཅེས་རིམ་པས་ཞུ་གཏུག་མང་པོ་ཞིག་བྱུང་བའི་ཉེར་ལེན་ལ་བརྟེན། ཆོས་རིག་ལས་ཁུངས་ཀྱི་ངོས་ནས་བཀའ་བསྡུར་རིམ་པས་བྱུང་ཡོད་པ་རེད།
ཕྱི་ལོ་༢༠༡༢ ལོར་སྐྱེས་རབས་གསུང་ཆོས་སྐབས་༧གོང་ས་མཆོག་གིས་དགེ་བཤེས་མའི་མཚན་གནས་སྤྲོད་རྒྱུའི་མཚམས་ལ་སླེབས་འདུག བསླབ་པ་སློབ་གཉེར་དེ་ཚོ་ཡག་ཐག་ཆོད་རེད་ཅེས་བཀའ་གནང་བ་གཞི་ལ་བཞག་པའི་ཐོག་ཆོས་རིག་ལས་ཁུངས་དང་། རྡ་རམ་ས་ལའི་ཉེ་འཁྲུས་སུ་ཡོད་པའི་དགོན་སྡེ་ཁག་བཅས་ཀྱི་ཚོགས་ཆུང་ཞིག་ཟུར་འཛུགས་ཐོག་སྒྲིག་གཞི་གཏན་འཕེབས་དགོས་ཀྱི་འདུག་ཅེས་བཀའ་ཡང་གནང་ཡོད་པ་རེད།
བཀའ་གནང་བ་གཞིར་བཟུང་གིས་ཕྱི་ལོ་༢༠༡༢ ཕྱི་ཟླ་༥ པའི་ནང་སྒྲིག་གཞི་གཏན་འཕེབས་གནང་ཡོད་པ་མ་ཟད། ༢༠༡༣ ལོར་དངོས་སུ་དགེ་བཤེས་མའི་རྒྱུག་སྤྲོད་འགོ་འཛུགས་གནང་ཡོད་པ་རེད། རྒྱུག་སྤྲོད་དུས་ཡུན་ལོ་གཞིའི་ནང་གཞུང་ཆེན་བཀའ་པོད་ལྔ་ཆ་ཚང་གི་ཐོག་རྒྱུག་སྤྲོད་གནང་གི་ཡོད་པ་རེད་ཅེས་སོགས་འགྲེལ་བརྗོད་གནང་སོང་།
ཐེངས་འདིར་དགེ་བཤེས་མའི་རྒྱུག་སྤྲོད་ནང་འཛུལ་ཞུགས་བྱེད་མཁན་རྒྱ་བལ་གཉིས་ཀྱི་ནང་ནས་བཙུན་དགོན་ཁག་ལྔའི་བཙུན་མ་༣༨ མཉམ་ཞུགས་བྱས་ཡོད་པ་རེད། དེའི་ནང་ནས་བཙུན་མ་གཅིག་མིག་གིས་མི་མཐོང་བ་སོགས་སྨྱུང་གཞི་ཏོག་ཙམ་ཕོག་རྐྱེན་ལ་བརྟེན་ནས་མཉམ་ཞུགས་བྱེད་ཐུབ་མེད་པ་རེད་ལ། དེ་མིན་བཙུན་མ་༣༧ དགེ་བཤེས་མའི་རྒྱུག་སྤྲོད་ལ་དངོས་སུ་མཉམ་ཞུགས་བྱས་ཡོད་པ་རེད་འདུག །
ལྷོ་ཕྱོགས་གསར་འགོད་པ་ཐུབ་བསྟན་བཀྲིས།