འདི་ལོའི་སྙིང་སྟོབས་གཟེངས་རྟགས་རྡོ་རྗེ་བཀྲ་ཤིས་དང་མགོན་པོ་སྐྱིད་གཉིས་ལ་ཕུལ་སོང་།



འདི་ལོའི་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེའི་སྙིང་སྟོབས་གཟེངས་རྟགས་འབུལ་བའི་མཛད་སྒོ་ཞིག་ཁ་སང་དགོང་མོར་རྡ་ས་མེག་ལོར་ནོར་བུ་བོད་ཀྱི་གསོལ་མགྲོན་ཁང་གི་ཚོགས་ཁང་དུ་ཚོགས་སོང་།

ཟླ་༧ ཚེས་༡༢ ནི་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེ་རྒྱའི་བཙོན་ཁང་དུ་སྐུ་གཤེགས་པའི་ཉིན་མོ་ཡིན་པར་བརྟེན། དེ་དང་བསྟུན་ནས་ལོ་ལྟར་རྒྱལ་སྤྱིའི་བོད་དོན་འབྲེལ་མཐུད་ལས་ཁང་སོགས་ཀྱིས་བོད་ཀྱི་ཆབ་སྲིད་བཙོན་པ་དང་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་པ་རྣམས་ལ། ཁོང་རྣམ་པའི་རླབས་ཆེན་གྱི་མཛད་རྗེས་ལ་ཆེ་བསྟོད་མཚོན་ཕྱིར་དུ་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེའི་སྙིང་སྟོབས་གཟེངས་རྟགས་འདི་འབུལ་སྲོལ་ཡོད་པ་ལྟར། 
ལོ་འདིར་ཡང་རྒྱལ་སྤྱིའི་བོད་དོན་འབྲེལ་མཐུད་ལས་ཁང་དང་། རྒྱ་གར་ནང་ཡོད་པའི་བོད་རང་བཙན་སློབ་ཕྲུག་ཚོགས་པ། དབུས་བོད་ཀྱི་བུད་མེད་ལྷན་ཚོགས། བོད་རྒྱལ་ཡོངས་མང་གཙོ་ཚོགས་པ་བཅས་ཀྱི་གོ་སྒྲིག་འོག སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེའི་སྙིང་སྟོབས་གཟེངས་རྟགས་འབུལ་བའི་མཛད་སྒོ་ཞིག་རྡ་ས་མེག་ལོར་ནོར་བུ་བོད་ཀྱི་གསོལ་མགྲོན་ཁང་གི་ཚོགས་ཁང་དུ་འཚོགས་ཡོད་པ་དང་། སྐབས་དེར་སྐུ་མགྲོན་གཙོ་བོ་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་དང་། ཆབ་སྲིད་བཙོན་ཟུར་དོན་འགྲུབ་དབང་ཆེན། ཆབ་སྲིད་བཙོན་ཟུར་དགེ་བཤེས་ཚེ་རིང་རྡོ་རྗེ། བོད་གནས་ལྟ་ཞིབ་ཁང་གི་འགན་འཛིན་བན་དེ་སྐྱབས་བཅས་ཕེབས་ཡོད་པ་དང་། གཞན་ཡང་གསར་འགོད་པ་གཙོས་པའི་རྡ་སའི་ཁུལ་གྱི་སེར་སྐྱ་མང་པོ་མཉམ་ཞུགས་གནང་བ་དང་།
ཐེངས་འདིའི་སྙིང་སྟོབས་གཟེངས་རྟགས་དེ་བོད་ཀྱི་ཚོང་པ་གྲགས་ཅན་རྡོ་རྗེ་བཀྲ་ཤིས་དང་ཁོང་གི་གཅེན་མོ་མགོན་པོ་སྐྱིད་གཉིས་ལ་ཕུལ་ཡོད་པ་རེད།
སྐབས་དེར་སྲིད་སྐྱོང་སྤེན་པ་ཚེ་རིང་གིས་རྡོ་རྗེ་བཀྲ་ཤིས་ལགས་དང་ཁོང་གི་གཅེན་མོ་མགོན་པོ་སྐྱིད་ལགས་ཐེ་བའི་བོད་ནང་གི་ཆབ་སྲིད་བཙོན་པ་རྣམས་ཀྱི་སྙིང་སྟོབས་དང་ལྷག་བསམ་ལ་བསྔགས་བརྗོད་དང་། གཞན་ཡང་ནུབ་ཕྱོགས་པས་རྒྱ་ནག་ལ་ལྟ་སྟངས་འགྱུར་བཞིན་པའི་སྐོར།
བོད་མི་རྣམས་ཀྱིས་ནང་ཁུལ་གྱི་གནད་དོན་ཆུང་ཙག་རིགས་ལ་མགོ་མ་འཁོར་བར་བསམ་བློ་རྒྱ་ཆེ་ས་ནས་བཏང་སྟེ་ནུས་པ་མཉམ་སྤུངས་ཀྱིས་བོད་དོན་དངོས་ཡོད་གནས་ཚུལ་རྒྱལ་སྤྱིར་མཁོ་སྤྲོད་གནང་སྟེ་བོད་དོན་ཞུ་གཏུག་གནང་དགོས་སྐོར་སོགས་དང་།
ང་ཚོ་མཉམ་རུབ་ཀྱིས་གོ་སྐབས་དམ་འཛིན་བྱས་ཏེ་རྒྱལ་སྤྱིའི་སྡིངས་ཆར་སྙོབ་ཐུབ་པ་དང་བོད་དོན་དྲིལ་བསྒྲགས་བྱ་རྒྱུ་གལ་ཆེན་ཡིན་སྐོར། རང་དབང་ལུང་པར་ཡོད་པའི་བོད་མི་ཚོས་རང་ཉིད་བོད་པ་ཞིག་ཡིན་སྙམ་པའི་འགན་འཕར་མ་ཞིག་འཁུར་དགོས་པ་གལ་ཆེན་ཡིན་པ་ལས། རང་ཉིད་བོད་པ་ཞིག་ཡིན་པའི་འདུ་ཤེས་མེད་པ་ཡིན་ན་སྒེར་གྱི་འཚོ་བ་ཁོ་ནར་མགོ་འཁོར་བ་ལས་གཞན་ཡོང་གི་མེད་སྐོར་སོགས་གསུངས་པ་དང་། དེ་བཞིན་ཆབ་སྲིད་བཙོན་ཟུར་དོན་འགྲུབ་དབང་ཆེན་གྱིས། དེ་རིང་གི་ཉིན་མོ་འདི་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་གཙོས་པའི་སྐྱེས་ཆེན་དམ་པ་རྣམས་ཀྱི་རླབས་ཆེ་བའི་ཉིན་མོ་ཞིག་ཡིན་པས། ཁོང་རྣམས་ཀྱི་མཛད་རྗེས་རྗེས་དྲན་ཞུ་དགོས་ཚུལ་དང་།  བོད་མི་རིགས་ཡོངས་ཀྱིས་མཐུན་སྒྲིལ་རྡོག་རྩ་གཅིག་སྒྲིལ་བྱེད་དགོས་པར་དམ་བཅའ་འཇོག་དགོས་པའི་ཉིན་མོ་ཞིག་ཡིན་པར་གསུངས་སོང་།
དེ་མིན་བོད་གནས་ལྟ་ཞིབ་ཁང་གི་འགན་འཛིན་བན་དེ་སྐྱབས་ཀྱིས། རྡོ་རྗེ་བཀྲ་ཤིས་ལགས་རྒྱ་གཞུང་གིས་ཁོང་ལ་ས་བྱི་ཞི་རྒོལ་མཉམ་ཞུགས་དང་ཁ་བྲལ་རིང་ལུགས་པར་དཔལ་འབྱོར་གྱི་རོགས་རམ་བྱས་ཚུལ་སོགས་ཀྱི་མ་ཉེས་ཁ་གཡོགས་ཀྱིས་འཛིན་བཟུང་དང་མནར་གཅོད་བཏང་ཚུལ། ནག་ཉེས་ཀྱི་དཔང་རྟགས་ཅི་ཡང་སྟོན་མ་ཐུབ་ཀྱང་མཐའ་མར་ཁོང་ལ་བུ་ལོན་གཡོ་ལེན་བྱས་པའི་ཉེས་འཛུགས་ཀྱིས་ཚེ་བཙོན་གྱི་ཁྲིམས་ཐག་བཅད་ཚུལ་སོགས་དང་།
ཁོང་གི་གཅེན་མོ་མགོན་པོ་སྐྱིད་ཀྱིས་ལྷ་སའི་ཁྲིམས་ཁང་གི་མདུན་དུ། ཉིན་ལྟར་རྒྱ་ནག་གི་རྩ་ཁྲིམས་ཐོག་ནས་དྲང་བདེན་གང་ཡང་མེད་པའི་ནག་ཉེས་ལ་བསྐྱར་ཞིབ་དགོས་པའི་འབོད་སྐུལ་ཞུས་པས། ཁོང་མོར་རྡུང་རྡེག་དང་བཙོན་འཇུག་བྱས་ཡོད་པ་སོགས་གསུངས་སོང་།
 དགེ་བཤེས་ཚེ་རིང་རྡོ་རྗེ་ལགས་ཀྱིས། སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེས་བཙོན་ཁང་དུ་དཀའ་སྡུག་མྱོང་སྐོར་དང་།  རྒྱ་གཞུང་གིས་ཁྲིམས་དྲང་པོ་མ་བྱས་པས་ཁོང་གིས་སྐབས་དེར།  ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་སྐུ་ཚེ་ཁྲི་ལོ་བརྟན་པར་ཤོག བོད་ལ་རང་དབང་དགོས་ཞེས་སྐད་བརྒྱབ་པར་བརྟེན། ཁོང་གི་ཞལ་ལ་རས་དཀྲིས་ཏེ་བཙན་འཁྲིད་བྱས་པ་དང་། རྒྱ་མིས་ཁོང་གི་ནང་མི་ཚོར་མི་གཞན་ལ་གནས་ཚུལ་ཤོད་མི་ཆོག་པའི་འཇིགས་སྐུལ་བྱས་སྐོར་སོགས་གསུངས་སོང་།
རྡོ་རྗེ་བཀྲ་ཤིས་ལགས་ནི་བོད་ནང་གི་ཚོང་པ་ཆེན་པོ་དང་གཡག་མགྲོན་ཁང་གི་སྦྱིན་བདག་ཡིན་པ་དང་། ༢༠༠༨ བརྒྱད་ལོའི་ས་བྱི་ཞི་རྒོལ་ཆེན་མོར་མཉམ་ཞུགས་བྱེད་མཁན་རྣམས་ཁོང་གིས་མགྲོན་ཁང་དུ་ཉར་ཡོད་པ་དང་། བཙན་བྱོལ་གྱི་སྒྲིག་འཛུགས་ཁག་ལ་མ་དངུལ་གྱི་རོགས་སྐྱོར་བྱས་ཡོད་པའི་ཉེས་མིང་འོག་རྒྱ་ནག་གཞུང་གིས་ཕྱི་ལོ་༢༠༠༨ ལོའི་ཟླ་༧་པའི་ཚེས་༡༠ ཉིན་བཙོན་འཇུག་བཀག་ཉར་བྱས་ཡོད་པ་རེད། ༢༠༡༠ ལོར་གསང་བའི་ཁྲིམས་བཤེར་བརྒྱུད་ཁོང་ལ་བུ་ལོན་གཡོ་ལེན་བྱས་པའི་ཉེས་མིང་འོག་ཚེ་བཙོན་གྱི་ཁྲིམས་ཐག་བཅད་ཡོད་པ་དང་། བཙོན་ཁང་ནང་ཉེས་རྡུང་མནར་གཅོད་ཚད་མེད་བཏང་རྐྱེན། ད་ལྟ་རྡོ་རྗེ་བཀྲ་ཤིས་ལགས་ཀྱི་གནས་སྟངས་ཛ་དྲག་ངང་གནས་ཡོད་འདུག
མགོན་པོ་སྐྱིད་ལགས་ནི་རྡོ་རྗེ་བཀྲ་ཤིས་ཀྱི་གཅེན་མོ་ཡིན་པ་དང་། ཁོང་༢༠༠༧ ལོར་རྒྱ་ནག་གཞུང་གིས་བཙོན་འཇུག་བཀག་ཉར་བྱས་པ་དང་། རྡོ་རྗེ་བཀྲ་ཤིས་ལ་ཚེ་བཙོན་གྱི་ཁྲིམས་ཐག་བཅད་པ་ནས་བཟུང་། ལོ་ངོ་བཅུ་ཙམ་གྱི་རིང་རྒྱ་ནག་གཞུང་གི་ཁྲིམས་སྒྲིག་གཞིར་བཟུང་བདེན་དཔང་ཐོབ་རྒྱུའི་ཞུ་གཏུག་དང་། ཁོང་གློད་བཀྲོལ་ཡོང་བ་བཅས་ཀྱི་ལས་འགུལ་རིམ་པ་མང་པོ་ཞིག་སྤེལ་ཡོད་པ་དང་། རྒྱ་གཞུང་གིས་ཁོང་མོའི་འཚེ་མེད་ཞི་བའི་ངོ་རྒོལ་དེར། དབང་ཤེད་ཀྱིས་བཀག་འགོག་དང་དུས་བཀག་བཙོན་འཇུག ཉེན་རྟོག་པས་མི་སྤྱོད་ལས་འདས་པའི་མནར་གཅོད་བཏང་བའི་རྐྱེན་གྱིས། ད་ལྟ་ཁོང་གི་སྐུ་གཟུགས་གནས་སྟངས་ཛ་དྲག་ཐོག་ཡོད་འདུག

སྙིང་སྟོབས་གཟེངས་རྟགས་འདི་ནི་ཕྱི་ལོ་ ༢༠༡༦ ནས་བཟུང་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེའི་རྗེས་དྲན་བྱེད་ཆེད་དུ། ལོ་རེའི་ཕྱི་ཟླ་ ༧ ཚེས་ ༡༢ ཏེ་རྒྱལ་གཅེས་པའི་སྐྱེས་ཆེན་དམ་པ་ཁོང་རྒྱ་གཞུང་གི་བཙོན་ཁང་དུ་སྐུ་གཤེགས་པའི་ཉིན་དང་བསྟུན་ནས་བོད་ཀྱི་ཆབ་སྲིད་བཙོན་ཟུར་དང་། འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་པ་སོགས་ལ་ཁོང་རྣམས་ཀྱི་མཛད་རྗེས་ལ་ཆེ་བསྟོད་དང་འབྲེལ།  ལས་དོན་འདི་བརྒྱུད་ནས་བོད་ནང་གི་བོད་མིའི་རང་དབང་དང་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་བྱ་རྒྱུའི་དམིགས་ཡུལ་གཙོ་བོ་བཟུང་སྟེ་གཟེངས་རྟགས་འདི་འབུལ་གྱི་ཡོད་པ་ལྟར། ད་བར་གཟེངས་རྟགས་འདི་པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་དང་། ཡེ་ཤེས་ཆོས་སྒྲོན་ལགས། བཀྲ་ཤིས་དབང་ཕྱུག་ལགས། ཨ་ཉག་སེང་སྒྲ་ལགས།  ཆབ་སྲིད་བཙོན་ཟུར་དོན་གྲུབ་དབང་ཆེན་ལགས་དང་མགོ་ལོག་འཇིགས་མེད། ད་ཐེངས་རྡོ་རྗེ་བཀྲ་ཤིས་དང་མགོན་པོ་སྐྱིད་བཅས་ལ་ཕུལ་ཡོད་པ་རེད།
གསར་འགོད་པ་བསྟན་འཛིན་ལམ་བཟང་།