འབར་མའི་དམག་མིའི་སྲིད་གཞུང་གི་ནུས་པ་ཉམས་དམས་དང་གྲྭ་པས་དམག་མིའི་སྲིད་གཞུང་ལ་རྒྱབ་སྐྱོར།

སྦི་སྦི་སིའི་གསར་ལམ་གྱི་པར།

འབར་མའི་ནང་མི་མང་དང་བླངས་དམག་མི་བུ་སྤུན་གསུམ་གྱི་མཐུན་གྲོགས་དམག་དཔུང་ཟེར་བ་དང་དམག་མིའི་སྲིད་གཞུང་བར་ནང་འཁྲུག་བྱུང་ནས་ཟླ་བ་མང་པོ་འགྲོ་བཞིན་ཡོད་འདུག་པ་དང། ད་ཆར་དམག་མིའི་སྲིད་གཞུང་གི་ནུས་པ་ཉམས་ནས་ས་ཁུལ་མང་པོ་ཞིག་བུ་སྤུན་གསུམ་གྱི་མཐུན་གྲོགས་དམག་དཔུང་ཟེར་བ་དེ་ལ་འཆོར་བཞིན་འདུག་པའི་སྐབས་འདིར། དམག་མིའི་སྲིད་གཞུང་ལ་རོགས་རམ་ཆེད་དུ་འབར་མའི་ནང་པའི་གྲྭ་པས་དམག་མིའི་སྲིད་གཞུང་ལ་རྒྱབ་སྐྱོར་བྱེད་ཀྱི་ཡོད་འདུག་ལ། ད་ལྟའི་དམག་མིའི་སྲིད་གཞུང་གི་འགོ་དཔོན་དེ་གོ་གནས་ནས་དགོངས་པ་ཞུས་ཏེ་གཞན་ཞིག་བསྐོ་དགོས་པར་རྗོད་ཀྱི་ཡོད་འདུག 

ཕྱི་ཚེས་༢༤ ཉིན་སྦི་སྦི་སིའི་གནས་ཚུལ་སྤེལ་གསལ་ལྟར་ན། བདུན་སྔོན་མའི་གཟའ་མིག་དམར་ཉིན་(Pauk Ko Taw)ཟེར་བའི་འབར་མའི་ནང་པའི་ཚོགས་པ་ཞིག་གི་གྲྭ་པ་ཞིག་གིས་འབར་མའི་ནང་ཡོད་པའི་(Pyin Oo Lwin)ཟེར་བའི་གྲོང་སྡེ་སྐད་གྲགས་ཆེན་པོ་ཡོད་པ་ཞིག་ནང་གཏམ་བཤད་གཅིག་བྱས་ནས་ད་ལྟའི་དམག་མིའི་སྲིད་གཞུང་གི་འགོ་པ་(Min Aung Hlaing)ཟེར་བ་དེ་དབང་ཆ་ནས་དགོངས་པ་ཞུས་ཏེ་དམག་སྤྱི་གཞོན་པ་(Soe Win)ཟེར་བ་དེ་ལ་འགོ་འཁྲིད་བཅུག་ན་ལེགས་ཚུལ་བརྗོད་ཡོད་འདུག རྒྱུ་མཚན་ནི་ད་ཆར་འབར་མའི་དམག་མིའི་སྲིད་གཞུང་ལ་ངོ་རྒོལ་བྱེད་མཁན་བུ་སྤུན་གསུམ་གྱི་མཐུན་གྲོགས་དམག་དཔུང་ཟེར་བ་དེའི་དམག་སྟོབས་སྔར་ལས་ཤུགས་ཇེ་ཆེར་གྱུར་ནས་འབར་མའི་ས་ཁུལ་མང་པོ་ཞིག་ཁོང་ཚོས་བཟུང་ཡོད་འདུག་པར་བརྟེན། མི་མང་ཁྲོད་ནས་དམག་མིའི་སྲིད་གཞུང་ལ་རྒྱབ་སྐྱོར་བྱེད་མཁན་དག་ད་ཆར་དམག་མིའི་སྲིད་གཞུང་གི་ནུས་པ་ལ་ཡིད་ཆེས་བརླག་བཞིན་ཡོད་འདུག་ལ། སྤྱིར་བཏང་འབར་མའི་ནང་ནང་པའི་གྲྭ་པས་ཆབ་སྲིད་ཁྲོད་ཐེ་གཏོགས་བྱེད་པ་རྒྱུན་ལྡན་ལྟ་བུ་ཡིན་འདུག ཕྱི་ལོ་༡༩༣༠ ཙམ་ནས་ཕྱི་ཕྱོགས་ཀྱི་བཙན་འཛུལ་བ་ལ་ངོ་རྒོལ་ཆེད་དུ་འབར་མའི་གྲྭ་པས་ལས་འགུལ་ཆེན་པོ་སྤེལ་ཡོད་འདུག་པ་དང་། ཕྱི་ལོ་༡༩༨༨ དང་༢༠༠༧ དེ་བཞིན་༢༠༢༡ སོགས་ཀྱི་ནང་

འབར་མའི་དམག་མིའི་སྲིད་གཞུང་ལ་སྐབས་རེར་ངོ་རྒོལ་བྱས་པ་དང་སྐབས་རེར་འབར་མའི་རིག་གཞུང་དང་ནང་ཆོས་སྲུང་སྐྱོབ་ཆེད་དུ་དམག་མིའི་སྲིད་གཞུང་ལ་རྒྱབ་སྐྱོར་བྱེད་པ་སོགས་གྲྭ་པས་སྲིད་དོན་ཁྲོད་ཐེ་གཏོགས་བྱེད་སྲོལ་ཡོད་འདུག དཔེར་ན། ཕྱི་ལོ་༢༠༡༢ ནང་འབར་མའི་མངའ་སྡེ་(Rakhine)ཟེར་བའི་ནང་ནང་པ་དང་ཁ་ཆེའི་བར་འཁྲུག་འཛིང་ཆེན་པོ་ཤོར་ནས་། སྐབས་དེ་དུས་འབར་མའི་ནང་པའི་གྲྭ་པ་(Wirathu)ཟེར་བ་ཞིག་གིས་སྣེ་ཁྲིད་དེ་མི་རིགས་དང་ཆོས་ལུགས་སྲུབ་སྐྱོབ་ཚོགས་པ་ཟེར་བ་གཅིག་བཙུགས་ནས་འབར་མའི་ནང་ཡོད་པའི་ཁ་ཆེ་ཚོའི་ཚོང་ཟོག་མི་ཉོ་བའི་ངོ་རྒོལ་ལས་འགུལ་གཞི་རྒྱ་ཆེན་པོ་ཞིག་སྤེལ་མྱོང་ཡོད་འདུག སྐབས་དེ་དུས་གཞུང་གིས་རྒྱབ་སྐྱོར་མེད་མདོག་བྱས་ཡོད་འདུག་ཀྱང་། ལྐོག་ནས་དམག་མིའི་སྲིད་གཞུང་གིས་ནང་པའི་གྲྭ་པ་ཚོ་ལ་རྒྱབ་སྐྱོར་ཆེན་པོ་བྱས་ཡོད་འདུག་ལ། དེ་བཞིན་འབར་མའི་ནང་ནང་པའི་གྲྭ་པ་ཚོས་མངོན་གསལ་མེད་པའི་ཐོག་ནས་དམག་མིའི་སྲིད་གཞུང་ལ་རྒྱབ་སྐྱོར་བྱེད་ཀྱི་ཡོད་འདུག (Wathawa)ཟེར་བའི་ནང་པའི་གྲྭ་པ་དེ་ཡིས་ཁོ་རང་ཉིད་ཀྱི་སྐྱེས་ཡུལ་གྲོང་སྡེའི་ནང་མི་མང་དང་བླངས་དམག་མི་ལ་ཁ་གཏད་གཅོག་ཆེད་དམག་མིའི་སྒྲིག་འཛུགས་ཀྱང་བཙུགས་ཡོད་འདུག་ལ། ཁོས་གྲོང་གསེབ་ཁག་ནང་ཡོད་པའི་སྐྱེས་པ་རྣམས་དམག་མིའི་ཁོངས་སུ་མ་འཛུལ་ན་ཁང་པ་སོགས་ཡོད་ཚད་མེར་བསྲེག་གཏོང་རྒྱུའི་འཇིགས་སྐུར་བྱས་པར་བརྟེན། གྲོང་སྡེ་རེ་ནས་སྐྱེས་པ་༡༠ ནས་༡༥ ཙམ་བསྡུ་རུབ་བྱས་ཡོད་ཀྱང་ཕྱིས་སུ་སྐྱེས་པ་རྣམས་བྲོས་ཤོར་ཡོད་འདུག ད་ཆར་འབར་མའི་བྱང་ཕྱོགས་ཀྱི་ཤན་མངའ་སྡེ་(Shan State)ཟེར་བ་དེར་བུ་སྤུན་གསུམ་གྱི་དམག་དཔུང་གིས་བཙན་བཟུང་བྱས་ཟིན་ཡོད་འདུག་ལ། དེ་བཞིན་ས་ཆ་མང་པོ་ཞིག་བཙན་བཟུང་བྱེད་བཞིན་ཡོད་འདུག་པར་བརྟེན། དམག་མིའི་སྲིད་གཞུང་ལ་རྒྱབ་སྐྱོར་བྱེད་མཁན་མི་མང་རྣམས་རེ་བ་ད་ཆར་བརླག་བཞིན་ཡོད་འདུག

གསར་འགོད་པ། བསོད་ནམས་ཕུན་ཚོགས།