འབར་མའི་དམག་སྲིད་གཞུང་གིས་ལྕམ་ཨང་སན་སུ་ཅིར་ལྐོག་ཟ་རུལ་སུངས་ཀྱི་ཉེས་འཛུགས་བྱས་འདུག
འབར་མའི་སྲིད་དབང་བཙན་བཟུང་བྱེད་མཁན་དམག་གི་སྒྲིག་འཛུགས་ཀྱིས། འོས་བསྡུའི་ལམ་ནས་རྒྱལ་ཁ་ཐོབ་མཁན་ལྕམ་ཨང་སན་སུ་ཅིར་ལྐོག་ལ་རུལ་སུངས་ཀྱི་ཉེས་འཛུགས་བྱས་འདུག་པ་དང་། གལ་ཏེ་ཉེས་འཛུགས་དེ་ཁྲིམས་ཁང་ནས་ར་སྤྲོད་བྱས་ཚེ་ཁྲིམས་ཆད་དུ་མང་ཤོས་ལ་ལོ་༡༥ ཡི་བཙོན་འཇུག་བྱེད་སྲིད་པ་རེད་འདུག
ཟླ་༦ པའི་ཚེས་༡༠ ཉིན་རྒྱལ་སྤྱིའི་བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་གསལ། འབར་མའི་སྲིད་དབང་བཙན་བཟུང་བྱེད་བཞིན་པའི་དམག་གི་སྒྲིག་འཛུགས་ཀྱིས། ལྕམ་ཨང་སན་སུ་ཅི་ཡིས་དབང་ཆ་ལོག་སྤྱོད་བྱས་པ་དང་ལྐོག་ཟ་རུལ་སུངས་ཀྱི་བྱ་བར་འཇུག་ཡོད་པའི་ཉེས་འཛུགས་བྱས་ཏེ། དེ་ཡང་ལྕམ་ཁོང་གིས་རང་ཉིད་ཚོགས་གཙོ་ཡིན་པའི་ཐེབས་རྩ་ཁང་ཞིག་ལ་ས་ཆ་དང་ཁང་རྩིག་གཡར་ཆེད་དུ་དབང་ཆ་ལོག་སྤྱོད་བྱས་ཡོད་པ། དེ་བཞིན་ལག་ཤེས་སློབ་གྲྭ་ཞིག་གི་ཁང་རྩེག་འཛུགས་སྐྲུན་བྱེད་པར་བརྒྱུད་རིམ་དང་མ་བསྟུན་པར། ཁོང་གི་དབང་ཆ་བེད་སྤྱོད་བྱས་ནས་འཛུགས་སྐྲུན་བྱས་ཡོད་པ། ལས་ཁུར་བྱེད་བཞིན་པའི་སྐབས་སུ། ཁྲིམས་འགལ་ཐོག་ནས་དངུལ་རྐྱང་ཨ་སྒོར་འབུམ་༦ དང་གསེར་བཅས་མི་གཞན་ལས་བླངས་ཡོད་སྐོར་བརྗོད་འདུག
ལྕམ་ཨང་སན་སུ་ཅི་ཡི་ཁྲིམས་རྩོད་པས། ལྕམ་ཁོང་ལ་སྐྱོན་ཆ་ཡོད་སྲིད་པ་རེད་དེ། ལྐོག་ཟ་རུལ་སུངས་ཀྱི་ལས་ལ་འཇུག་མཁན་ཞིག་གཏན་ནས་མིན་པ། ཉེས་འཛུགས་དེ་དག་ནི་ཁུངས་མེད་ཡིན་སྐོར་བརྗོད་འདུག
ལྕམ་ཁོང་དང་མཉམ་དུ་དེ་སྔོན་གྱི་དཔོན་རིགས་གསུམ་ལ་ཡང་ལྐོག་ཟ་རུལ་སུངས་ཀྱི་ཉེས་འཛུགས་བྱས་འདུག་པ་དང་། ལྕམ་ཁོང་ལ་ད་དུང་གཞུང་གི་གསང་བའི་ཁྲིམས་དང་འགལ་ཡོད་པའི་ཉེས་འཛུགས་ཀྱང་བྱས་འདུག་པས། གལ་ཏེ་ནག་ཉེས་ར་སྤྲོད་བྱས་ཚེ་མང་ཤོས་ལ་ལོ་ངོ་༡༤ ཡི་བཙོན་འཇུག་ཁྲིམས་ཐག་བཅད་སྲིད་པ་རེད་འདུག
ཟླ་༢ པའི་ནང་འབར་མའི་དམག་གི་སྒྲིག་འཛུགས་ཀྱིས། ལྕམ་ཨན་སང་སུ་ཅི་གཙོས་པའི་མང་གཙོའི་ལམ་ནས་འདེམས་ཐོན་བྱུང་བའི་འགོ་ཁྲིད་མང་པོ་གློ་བོར་དུ་འཛིན་བཟུང་བཀག་ཉར་བྱས་ནས། བརྙན་འཕྲིན་བརྒྱུད་ལམ་ཐོག་ནས་ལོ་སྔོན་མའི་ཕྱི་ཟླ་༡༡ ཀྱི་གྲོས་ཚོགས་འོས་བསྡུ་ཆེན་མོ་དེ་དྲང་བདེན་ཞིག་མ་བྱུང་བར་བརྟེན། སྲིད་དབང་དམག་དཔོན་(Min Aung Hlaing) ལ་རྩིས་སྤྲོད་བྱེད་རྒྱུ་ཡིན་པའི་གསལ་བསྒྲགས་སྤེལ་ནས། སྲིད་དབང་བཙན་འཕྲོག་བྱས་ཡོད་པ་རེད། མི་མང་ཚོས་དམག་གི་སྒྲིག་འཛུགས་ལ་ངོ་རྒོལ་ལས་འགུལ་སྤེལ་ཡོད་པ་དང་། དེར་དམག་མིས་དྲག་པོའི་ཡ་ལན་བྱས་ཏེ། ད་བར་མི་གྲངས་༨༥༠ ལས་མང་བ་བསད་ཡོད་ཁར། མི་གྲངས་༥༩༤༡ འཛིན་བཟུང་བྱས་ཡོད་འདུག དམག་གི་སྒྲིག་འཛུགས་ལ་ཁ་གཏད་གཅོག་ཆེད་དུ་མི་མང་གི་གྱེན་ལངས་དམག་མི་མང་པོ་ཞིག་གསར་དུ་ཐོན་བཞིན་ཡོད་པ་རེད་འདུག །
གསར་འགོད་པ་སྐལ་བཟང་དོན་གྲུབ།