འབྲས་སྤུངས་སུ་རིས་མེད་མཁས་པའི་བགྲོ་གླེང་ཆེན་མོ་དབུ་འཛུགས།

༸གོང་ས་མཆོག་དགུང་གྲངས་༩༠ ལ་ཕེབས་པའི་གོ་སྟོན་དང་བྱམས་བརྩེའི་ལོ་སྲུང་བརྩིའི་སླད་དཔལ་ལྡན་འབྲས་སྤུངས་མཁས་མང་བློ་གསལ་བྱེ་བའི་གླིང་གྲྭ་ཚང་དུ་༸རྒྱལ་བའི་མཛད་རྣམ་དང་། བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པ་གཉིས་ཀྱི་བརྗོད་གཞིའི་ཐོག་རིས་མེད་མཁས་པའི་བགྲོ་གླེང་ཆེན་མོ་ཞིག་འཚོག་བཞིན་འདུག


འདི་གའི་གསར་འགོད་པས་དྲ་ཐོག་ཏུ་བགྲོ་གླེང་གོ་སྒྲིག་པ་དགེ་བཤེས་ཟླ་བ་བཟང་པོ་ལ་དྲི་བ་ཞུས་པར། ཁོང་གིས་བགྲོ་གླེང་ཆེན་མོ་གོ་སྒྲིག་ཞུས་པའི་དམིགས་ཡུལ་དང་འབྲེལ། སྤྱིར་ལོ་འདིར་༸སྤྱི་ནོར་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་དགུང་གྲངས་དགུ་བཅུར་སྐུའི་གོ་སྟོན་སྲུང་བརྩིའི་ཆ་ཤས་སུ། འབྲས་སྤུངས་བློ་གསལ་གྲྭ་ཚང་ནས་རྣམ་དཀར་དགེ་བའི་ལས་སྣ་ཚོགས་བྱེད་མུས་ལ། སྐབས་བབ་གྲྭ་ཚང་གི་སྐྱབས་རྗེ་མཁན་རིན་པོ་ཆེ་མཆོག་གིས་དབུས་དབུ་ཆོས་རྣམ་པ་དང་འཛིན་སྐྱོང་ཕྱག་མཛོད་བཅས་གོ་བསྡུར་གྱིས་གྲྭ་ཚང་ངོས་ནས་རིས་མེད་མཁས་པའི་བགྲོ་གླེང་འཚོགས་ཐུབ་རྒྱལ་དབང་དགྱེས་པའི་མཆོད་སྤྲིན་དུ་འགྱུར་བ་ཡིན་གཤིིས། བརྗོད་གཞིའི་ཆ་ནས་སྤྱོད་འཇུག་ཆེན་མོ་དང་རྒྱལ་བའི་མཛད་རྣམ་གཉིས་གཏན་ཁེལ་ཞུས་པ་དང་། དེ་ཡང་རྒྱལ་དབང་ཐམས་ཅད་མཁྱེན་པ་མཆོག་ནས་སྤྱོད་འཇུག་གལ་ཆེར་གྱིས་སློབ་གཉེར་གནང་དགོས་པའི་བཀའ་སློབ་སྤྱི་བོའི་རྒྱན་དུ་ཕེབས་མུས་དང་། ད་བར་རྒྱལ་དབང་མཆོག་གིས་སྤྱོད་འཇུག་ཆེན་མོ་གསུང་ཆོས་བཀའ་དྲིན་མང་ཤོས་བསྐྱངས་གནང་ཡོད། དེ་བཞིན་རྒྱལ་བའི་ཐུགས་བསྐྱེད་དམ་བཅའ་བཞི་དང་འབྲེལ་བའི་རྒྱལ་བའི་མཛད་རྣམ་ཡང་སྐུའི་གོ་སྟོན་སྙིང་པོ་གོར་མ་ཆག་པས་དེ་ལྟར་གཏན་འབེབས་ཞུས་འདུག་ཅེས་ངོ་སྤྲོད་གནང་བྱུང་།
དེ་བཞིན་བགྲོ་གླེང་ཐོག་ཏུ་གསུང་བཤད་གནང་མཁན་དང་ཟུར་ཉན་སོགས་མཉམ་ཞུགས་གནང་མཁན་ཇི་ཡོད་སྐོར་དྲིས་པར། ཁོང་གིས་འབྲས་སྤུངས་བློ་གསལ་གླིང་གྲྭ་ཚང་ནས་༸སྤྱི་ནོར་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་སྐུའི་གོ་སྟོན་སྲུང་བརྩིའི་ཆ་ཤས་སུ། སྤྱོད་འཇུག་ཆེན་མོ་དང་རྒྱལ་བའི་མཛད་རྣམ་སྐོར་རིས་མེད་མཁས་པའི་བགྲོ་གླེང་ཆེན་མོ་འདིར། བོད་ཀྱི་ཆོས་བརྒྱུད་ཆེན་མོ་བཞི་དང་གཡུང་དྲུང་བོན་བཅས་ནས་རིས་མེད་མཁས་དབང་ཉི་ཤུ་རྩ་དྲུག་གིས་གསུང་བཤད་གནང་བཞིན་ཡོད་པ་དང་། གསུང་བཤད་པ་རྣམས་ཀྱི་རྩོམ་ཤོག་ལ་ཤོག་གྲངས་༥༧༥ ཅན་ཞིག་གྲྭ་ཚང་ནས་པར་སྐྲུན་གྱིས་རིན་མེད་འགྲེམ་སྤེལ་ཞུས་པ་དང་། བགྲོ་གླེང་སྐབས་ཟུར་ཉན་པ་དང་དྲི་བ་གནང་མཁན་ལ་དཔེ་ཁྲིད་དགེ་བའི་བཤེས་གཉེན་རྣམ་པ་གཙོས་དགེ་བཤེས་༣༠༠ ལྷག་མཉམ་ཞུགས་གནང་འདུག བགྲོ་གླེང་གི་གཙོ་སྐྱོང་བ་ནི་མཁན་ལས་ཟུར་རྣམ་པས་གནས་ལུགས་ཡིན་ཞེས་ངོ་སྤྲོད་གནང་སོང་།
རྩ་བས་ཕྱི་ལོ་༢༠༢༥ ཟླ་༡༢ ཚེས་༢༨ ནས་འགོ་འཛུགས་གནང་བའི་ཉིན་གྲངས་ལྔ་རིང་གི་རིས་མེད་མཁས་པའི་བགྲོ་གླེང་ཐོག གདན་ཞུས་མཁས་པ་ཉི་ཤུ་རྩ་དྲུག་གིས་ཀྱིས་ཀུན་རྫོབ་དང་ནི་དོན་དམ་སྟེ། ཞེས་སོགས་གསུང་ས་པའི་བདེན་གཉིས་ཀྱི་ངོ་བོ་དང་། བདེན་གཉིས་ཀྱི་དབྱེ་བ། རྣམ་གྲངས་དང་རྣམ་གྲངས་མིན་པའི་དོན་དམ་སྐོར་ཆོས་བརྒྱུད་སོ་སོའི་བཞེད་ཚུལ་ལ་དཔྱད་ཞིབ་ཅེས་དང་། སྤྱོད་འཇུག་གཞུང་འདི་བསྟན་པ་སྔ་དར་སྐབས་སུ་དར་རྒྱས་བྱུང་ཡོད་མེད་དང་། ཕྱི་དར་གྱི་སྐབས་སུ་གཞུང་འདི་གཞན་དང་མི་མཚུངས་པའི་འཕྲིན་ལས་དར་རྒྱས་གཙོ་བོར་མཁས་པ་སུ་ཞིག་གིས་བཏང་བ་ཡིན། སྤྱོད་འཇུག་གིས་བོད་བརྒྱུད་ནས་བསྟན་གྱི་ཉམས་ལེན་ལ་ཤུགས་རྐྱེན་མི་འདྲ་བ་ཇི་ལྟར་ཐེབས་ཚུལ། དེ་བཞིན་༧གོང་ས་མཆོག་གིས་སྐྱེ་འགྲོ་ཡོངས་ལ་སྨན་པའི་རླབས་ཆེན་གྱི་མཛད་འཕྲིན་གང་དང་གང་བསྐྱངས་པ་དང་།་སྐད་ཡིག་འདྲ་མིན་ནང་བཀའ་རྩོམ་ཇི་ཙམ་ཡོད། དེར་བརྟེན་ནས་འཛམ་གླིང་མི་མང་ལ་བཟང་པོའི་ཤུགས་རྐྱེན་ཇི་ལྟར་ཐེབས་པའི་སྐོར། སོགས་བརྗོད་གཞི་སྣ་ཚོགས་ཀྱི་ཐོག་གསུང་བཤད་གནང་རྒྱུ་ཡིན་འདུག
བགྲོ་གླེང་དབུ་འཛུགས་གནང་སྐབས། འཇམ་མགོན་རྒྱལ་བའི་གདུང་འཚོབ་དགའ་ལྡན་ཁྲི་རིན་པོ་མཆོག་དང་། རྒྱ་གར་དབུས་གཞུང་གི་བདེ་དོན་བློན་ཆེན་སྐུ་ཞབས་ཀི་རེན་ རི་ཇི་ཇུ་ (Shri Kiren Rijiju) མཆོག རྒྱ་གར་དབུས་གྲོས་ཚོགས་འོག་མའི་འཐུས་མི་སྐུ་ཞབས་ཝི་ཤ་ཝར་ ཧེག་རི་ ཀ་གེ་རི་(Shri Vishwar Hegre Kageri) ༸སྐྱབས་རྗེ་གླིང་མཆོག་སྤྲུལ་རིན་པོ་ཆེ་མཆོག ༸སྐྱབས་རྗེ་ཟམ་གདོང་རིན་པོ་ཆེ་མཆོག བློ་གསལ་གླིིང་གྲྭ་ཚང་གི་༸སྐྱབས་རྗེ་མཁན་རིན་པོ་ཆེ་མཆོག བདེ་སྲུང་བཀའ་བློན་རྒྱ་རི་སྒྲོལ་མ་མཆོག དགེ་ལུགས་སྤྱི་འཐུས་རྣམ་གཉིས་དང་སྤྱི་འཐུས་ཆོས་འཕེལ་ཐུབ་བསྟན་སོགས་ལགས། ཀརནཱ་ཊཀ་མངའ་སྡེའི་གྲོས་ཚོགས་ཀྱི་འཐུས་མི་སྐུ་ཞབས་ཤཱི་ཝ་རམ་ ཧེ་བྷར་ (Shri Shivaram Hebbar) ལགས། འབུམ་རམས་པ་དགེ་བཤེས་བློ་བཟང་བསྟན་འཛིན་ནེ་གི་ལགས། དབུ་ཆོས་རྣམ་པ་གཉིས། ཕྱག་མཛོད་ཁྲི་པ། དགེ་འདུན་པ་དང་ས་གནས་མང་ཚོགས་བཅས་ཕེབས་ཡོད་འདུག།
གསར་འགོད་པ། བློ་བཟང་རྒྱ་མཚོ།