འོས་བསྡུའི་དེབ་སྐྱེལ་གྱི་གྲངས་ཀ་ལས་བརྒྱ་ཆ་༥༣ གྱིས་འོས་འཕངས་འདུག

ཟླ་འདིའི་ཚེས་༤ ཉིན་དབུས་འོས་བསྡུ་ལས་ཁུངས་ཀྱིས་དྷ་ས་གངས་སྐྱིད་ལྷག་པ་ཚེ་རིང་ཚོགས་ཁང་དུ་གསར་འགོད་ལྷན་ཚོགས་ཤིག་བསྐོངས་ཏེ། ཐེངས་འདིའི་བཙན་བྱོལ་བོད་མིའི་རྒྱལ་ཡོངས་འོས་བསྡུ་ཆེན་མོའི་སྔོན་འགྲོ་གྲུབ་པ་དང་། སྲིད་སྐྱོང་དང་སྤྱི་འཐུས་ཀྱི་འོས་གྲངས་གསལ་བསྒྲགས་གནང་ཡོད་པ་རེད།

སྲིད་སྐྱོང་འོས་མི་བློ་བཟང་སེང་གེ། འོས་གྲངས་༣༠༥༠༨ དང་། སྤེན་པ་ཚེ་རིང་། འོས་གྲངས་༡༠༧༣༢། ཀླུ་མཁར་བྱམས། འོས་གྲངས་༢༥༥༧། བཀྲ་ཤིས་དབང་འདུས། འོས་གྲངས་༡༨༨༠། བཀྲ་ཤིས་སྟོབས་རྒྱལ། འོས་གྲངས་༣༨། ཟམ་གདོང་རིན་པོ་ཆེ། འོས་༡༨ བཅས་ཡིན་པ་རེད།

IMG_0080ཐེངས་འདིར་བཀའ་སྤྱི་གཉིས་ཀྱི་འོས་འཕེན་ཆོག་པའི་དེབ་སྐྱེལ་བྱེད་མཁན་མི་གྲངས་༨༨༣༢༦ བྱུང་ཡོད་པའི་ནང་ནས་སྲིད་སྐྱོང་ལ་འོས་འཕེན་མཁན་༤༧༡༠༥ དང་སྤྱི་འཐུས་ལ་འོས་འཕེན་མཁན་༤༦༨༩༠ བྱུང་ཡོད་པ་རེད། འོས་ཤོག་འཕེན་སའི་ས་ཚིགས་རྒྱ་གར་དང་བལ་ཡུལ། དེ་མིན་གྱི་ཕྱི་རྒྱལ་ཁག་བཅས་ས་གནས་བསྡོམས་༨༥ ཡོད་པ་དང་། འབྲུག་ཡུལ་དུ་གནས་སྡོད་བོད་མི་ཚོས་འདི་ལོར་འོས་ཤོག་འཕེན་ཐུབ་མེད་པ་རེད།

ད་ལྟའི་ཆར་སྲིད་སྐྱོང་འོས་མི་དྲུག་དང་། སྤྱི་འཐུས་ཆོལ་ཁ་རེ་ནས་༤༠ རེ་དང། ཆོས་བརྒྱུད་ཁག་ལྔ་དང། ལྷོ་བྱང་ཨ་རི། ཡུ་རོབ་དང་ཨ་ཕི་རི་ཀ་ནས་༨ རེ། རྒྱ་བལ་འབྲུག་གསུམ་ཕུད་པའི་ཨེ་ཤི་ཡ་དང་ཨོ་སེ་ཀྲེ་ལེ་ཤི་ཡ་ནས་༤ བཅས་གསལ་བསྒྲགས་བྱས་ཡོད་པ་དང་། དགོངས་པ་ཞུ་མཁན་ཡོད་མེད་སོགས་བལྟས་རྗེས་དངོས་གཞིའི་ནང་ཉིས་ལྡབ་གཏོང་རྒྱུ་ཡིན་པ་རེད།

འདི་གའི་གསར་འགོད་པས་སྐབས་སྔོན་མ་དང་བསྡུར་ན་འོས་ཤོག་འཕེན་མཁན་ལ་མང་ཉུང་ཁྱད་པར་བྱུང་ཡོད་མེད་སྐོར་དྲིས་པར། “དེའི་སྐོར་གྲངས་ཀ་རྒྱག་རྒྱུ་བྱུང་མ་སོང་། དངོས་གཞིའི་སྐབས་ལན་འདེབས་བྱེད་ཆོག་”ཅེས་འོས་བསྡུའི་འགན་འཛིན་བསོད་ནམས་ཆོས་འཕེལ་གྱིས་གསུངས་སོང་།

ཁག་ཅིག་གིས་འོས་ཤོག་འཕངས་རྗེས། པར་བརྒྱབ་སྟེ་སྤྱི་ཚོགས་འབྲེལ་མཐུད་དྲ་གནས་ཁག་ཏུ་བཏང་བ་ཁག་ཅིག་རྩིས་མེད་བཏང་སྐོར་འདུག་པས། དེ་གཞི་གང་ལ་བཞག་པ་ཡིན་དང་ག་ཚོད་ཅིག་རྩིས་མེད་བཏང་ཡོད་སྐོར་གསར་འགོད་པས་དྲིས་པར། “འོས་ཤོག་ཐོག་ངས་འོས་ཤོག་དེ་ལ་འཕངས་པ་ཡིན་ཞེས་ངོས་འཛིན་ཐུབ་པའི་རྟགས་བརྒྱབ་པ་དང་། མིང་བྲིས་པ་སོགས་ཡོད་ན་རྩིས་མེད་ཡིན་པས། དེ་ལ་རིགས་འགྲེ་བྱས་པ་རེད། དེ་འདྲ་རྩིས་མེད་ལྔ་དྲུག་ཅིག་བྱུང་ཡོད་པ་རེད་”ཅེས་འོས་བསྡུའི་འགན་འཛིན་གྱིས་གསུངས་སོང་།

འོས་ཤོག་དེ་འདྲ་ས་གནས་ཁག་ཅིག་ནས་རྩིས་མེད་བཏང་མེད་པའི་གནས་ཚུལ་འདུག གལ་སྲིད་རྩིས་མེད་བཏང་མེད་པའི་ས་གནས་བྱུང་ཡོད་ན། རྩིས་མེད་གཏོང་མཁན་དང་མ་བཏང་མཁན་གཉིས་ཀ་འོས་བསྡུ་ལས་ཁུངས་ཡིན་པས། གང་དེ་ཁྲིམས་དང་འགལ་བ་རེད་ཅེས་དྲིས་པར། “འོས་བསྡུ་ལས་ཁུངས་ཀྱིས་ཧ་གོ་བ་དེ་རྩིས་མེད་གཏོང་དགོས་ལབ་པ་རེད། ཧ་མ་གོ་བ་དེ་བྱེད་རྒྱུ་ཡོད་པ་མ་རེད། འོས་བསྡུ་ལས་ཁུངས་ཀྱིས་མ་མཐོང་བ་ཞིག་ཡོད་ན་བྱེད་ཐབས་མི་འདུག་”ཅེས་འོས་བསྡུའི་འགན་འཛིན་གྱིས་གསུངས་སོང་།

འོས་བསྡུ་ལས་ཁུངས་ནས་འོས་མི་ཁྱབ་བསྒྲགས་སྐོར་ལ་ལམ་སྟོན་སྒྲིག་གཞི་ཁག་ཅིག་བཟོས་པའི་ནང། ཁྱབ་བསྒྲགས་སྐབས་འོས་བསྡུ་ལས་ཁུངས་ལ་སྙན་སེང་ཞུ་དགོས་པ་དང་། རྩིས་ཁྲ་འབུལ་དགོས་པ། སྦྱར་ཡིག་ཐོག་དོ་བདག་དང་པར་ཁང་གི་མིང་སོགས་འཁོད་དགོས་སྐོར་བཟོས་ཡོད་པས། ལམ་སྟོན་སྒྲིག་གཞི་དེ་ཆ་ཚང་འོས་བསྡུ་ལས་ཁུངས་ཀྱིས་ལག་བསྟར་ཐུབ་ཡོད་རེད་དམ་ཅེས་དྲིས་པར། “འོས་བསྡུ་ལས་ཁུངས་ལ་ཞུ་གཏུག་ག་འདྲ་ཡིན་ནའང་འོས་བསྡུའི་སྒྲིག་གཞི་འདི་དང་འགལ་སོང་ཞེས་དཔང་རྟགས་ཡོད་པ་ཞུ་གཏུག་བྱེད་མཁན་བྱུང་ན། ཐོག་མར་ས་གནས་ལ་གཏུག་དགོས་པ་དང། དེ་ནས་མ་འགྲིག་ན་དབུས་ནས་ཐག་གཅོད་དང་ཞིབ་འཇུག་བྱེད་དགོས་པ་རེད། ད་ལྟའི་བར་འོས་བསྡུ་ལས་ཁུངས་ལ་ཞུ་གཏུག་སྙན་ཞུ་སྣ་ཚོགས་འབྱོར་ཡོད་རེད། དེ་ཚོའི་ནང་ཆ་ཚང་དཔག་རྟགས་འཕེལ་བའི་ཡིག་ཆ་འབྱོར་བ་མེད། གང་ལྟར་གནད་དོན་འབྱོར་བ་ཚང་མར་ལན་རྒྱག་དགོས་པ་ཆགས་ཀྱི་མི་འདུག ཞུ་གཏུག་བྱེད་མཁན་ཚང་མ་འདྲ་པོ་ཡིན་ན། གཅིག་ལ་ལན་བརྒྱབ་ཡོད་དུས་གནད་དོན་འདྲ་པོ་ཚང་མར་ལན་འདེབས་དེ་ལས་འགྲིག་པ་ཞིག་ཆགས་ཀྱི་འདུག་”ཅེས་འོས་བསྡུའི་འགན་འཛིན་གྱིས་གསུངས་སོང་།

འོས་བསྡུ་ལས་ཁུངས་སུ་བཙན་བྱོལ་བོད་མིའི་ས་གནས་མང་པོ་ནས་སྲིད་སྐྱོང་གི་དངོས་གཞིའི་འོས་མི་གཏན་འབེབས་མི་གཉིས་བྱས་པར། འདོད་པ་མ་ཁེངས་པའི་བསམ་ཚུལ་བཤད་མཁན་དང་སྙན་ཞུ་ཕུལ་མཁན་སོགས་གང་མང་བྱུང་བ་མ་ཟད། འོས་བསྡུའི་སྒྲིག་གཞིའི་འོག་ནས་འོས་མི་ཁྱབ་བསྒྲགས་བྱེད་ཕྱོགས་དང་འགྲོ་སོང་གཏོང་ཕྱོགས་སྐོར་ལ་ཡང་བོད་དོན་རྒྱབ་སྐྱོར་བ་དང་བོད་མི་མང་པོ་སྙན་ཞུ་ཕུལ་ཡོད་ནའང་།  དམིགས་བསལ་བསྒྱུར་བཅོས་གང་ཡང་བཏང་མེད་པ་རེད།

འོས་བསྡུ་ལས་ཁུངས་ཀྱི་གསལ་འགོད་གསལ་བསྒྲགས་ནང་འཁོད་དོན། “སྤྱི་ཡོངས་ཀྱི་ཆ་ནས་འོས་སྔོན་འགྲོའི་སྐབས་རྒྱ་ཆེའི་མང་ཚོགས་ནས་འོས་བསྡུའི་ལས་རིམ་ཁག་ལ་ཐུགས་སྣང་ཆེན་པོ་གནང་བ་དང། ལྷག་པར་དུ་འོས་གཞིའི་ནང་གཞོན་སྐྱེས་ཤེས་ཡོན་ཅན་མང་པོ་འཚང་ཁ་ཤིག་ཤིག་ཡོང་བ་བཅས་ནི་དགའ་འོས་པའི་གནས་སུ་གྱུར་ཡོད། འོན་ཀྱང་ཁྲིམས་ལུགས་སྤྱི་དང་བྱེ་བྲག་བཙན་བྱོལ་བོད་མིའི་བཅའ་ཁྲིམས་དང་འོས་སྒྲིག་ཁག་གི་གོ་བ་མ་ལོན་པའམ། བོད་མིའི་སྒྲིག་འཛུགས་དང་དབུས་འོས་བསྡུ་ལས་ཁང་ལ་མིང་ཆད་བཟོ་འདོད། ཡང་ན་མང་ཚོགས་ལ་མགོ་འཐོམ་དུ་བཅུག་པ་གང་ཡིན་ཆ་མ་འཚལ་ཡང། གང་ལྟར་སྙན་ཞུའི་རྣམ་པར་ཡི་གེ་འདྲ་མིན་ཁྱབ་སྤེལ་བྱེད་པ་དེ་དག་ནི་སྤྱི་ཚོགས་ཟང་ཟིང་དང། དགྲ་དགའ་གཉེན་སྡུག་གི་གཞི་རུ་འགྱུར་རྒྱུ་ཙམ་ལས་འོས་གཞིའི་སྐྱེ་བོ་སུ་ལ་ནམ་ཡང་ཕན་པའི་གནས་ཚུལ་ཞིག་མ་ཆགས་མེད། འདི་ནས་ཁྲིམས་སྒྲིག་གང་ལ་འགལ་འཛོལ་གང་ཡང་བྱུང་མེད་པར་བརྟེན་བློ་སྤོབས་ཆེན་པོའི་སྒོ་ནས་གསལ་བཤད་རིམ་པར་བྱས་ཡོད་པས། རྒྱ་ཆེའི་མང་ཚོགས་ནས་ཐུགས་ཞིབ་ནན་མོ་གནང་སྟེ། གནས་ཚུལ་དེ་རིགས་ལ་ཐུགས་བློ་མ་རྨོངས་པ་གནང་རོགས་ཞེས་ཞུ་འདོད་བྱུང་”ཞེས་འཁོད་ཡོད་པ་རེད།།
གསར་འགོད་པ་ཆོས་ཉིད་འོད་ཟེར།
12345

yr as ar


UTsang-1
Dotoe-1 Dome-1