ཡངས་གླིང་རྡོ་རྗེ་ཁོང་དགུང་ལོ་༩༥ ཐོག་སྐུ་གཤེགས་འདུག

བོད་ཀྱི་སྐད་ཡིག་དང་གསོ་བ་རིག་པ། བོད་རིག་པའི་ཞིབ་འཇུག དེ་བཞིན་རྒྱ་ནག་གཞུང་གིས་ཁ་བྲལ་ལ་ངོ་རྒོལ་དང་བོད་རང་བཙན་ལ་ངོ་རྒོལ་གྱི་སྲིད་བྱུས་ཟེར་བ་བསྒྲགས་སྐབས་ཡངས་གླིང་རྡོ་རྗེ་ཁོང་གིས་རྒྱ་ནག་གཞུང་ལ་དགོངས་འཆར་ཡེ་གེ་ཐེངས་མང་བཏང་རྗེས། སྐབས་དེ་དུས་ཞིས་ཅིང་ཕིན་སྲིད་འཛིན་གཞོན་པ་ཡིན་དུས། ཁོང་གི་དགོངས་འཆར་ལག་བསྟར་བྱེད་རྒྱུ་ཡིན་པ་ཁས་ལེན་བྱས་ཡོད་འདུག་པ་སོགས་ཀྱི་བྱས་རྗེས་ཆེན་པོ་བཞག་མྱོང་པའི་ཡངས་གླིང་རྡོ་རྗེ་ཁོང་ཁ་སང་ཁྲིན་ཏུའུ་རུ་དགུང་གྲངས་༩༥ ཐོག་སྐུ་གཤེགས་ཡོད་འདུག་པས། བོད་ནང་གི་དྲྭ་རྒྱ་ཁག་ཏུ་བོད་མི་ཚོས་ཁོང་ལ་མྱ་ངན་ཞུ་བཞིན། ཁོང་གིས་འདས་པའི་དུས་ཡུན་ནང་བོད་མི་རིགས་ཀྱི་སྐད་དང་ཡི་གེ་མི་ཉམས་རྒྱུན་འཛིན་དང་ཉམས་པ་སླར་གསོའི་ཐད་བྱས་རྗེས་ཆེན་པོ་བཞག་པས་ཁོང་ལ་བཀའ་དྲིན་རྗེས་དྲན་ཞུ་བཞིན་འདུག

ཕྱི་ལོ་༢༠༢༦ ཟླ་༤ ཚེས་༦ ཉིན་བོད་ནང་གི་དྲྭ་རྒྱ་ཁག་ཏུ་གནས་ཚུལ་སྤེལ་བཞིན་པ་ཞིག་ལ། ཁ་སང་ཕྱི་ཚེས་༦ ཉིན་གྱི་དགོང་དྲོ་ཆུ་ཚོད་༥ ཙམ་ལ་རྒྱ་ནག་ཁྲིན་ཏུའུ་གྲོང་ཁྱེར་དུ་ཡངས་གླིང་རྡོ་རྗེ་ཁོང་ལ་ནད་གཞི་ཞིག་ཕོག་ནས་སྨན་བཅོས་བྱས་ཀྱང་ཕན་ནུས་མ་ཐོན་པར་སྐུ་གཤེགས་ཡོད་འདུག ཁོང་གི་ལོ་རྒྱུས་སྐོར་བོད་ནང་དང་ཕྱི་ལོ་༢༠༡༧ ཟླ་༡༢ ཚེས་༢༦ ཉིན་བཙན་བྱོལ་ནང་གི་གསར་ཁང་ཁག་ནས་ཁོང་སྐོར་གནས་ཚུལ་སྤོལ་དོན་ལ་ལྟར་ན། ཡངས་གླིང་རྡོ་རྗེ་ནི་ཕྱི་ལོ་༡༩༣༡ ལོར་ཁམས་འབའ་ཐང་དུ་སྐྱེས་ཤིང་། རྒྱ་ནག་དམར་ཤོག་ཚོགས་པ་འགོ་བཙུགས་པའི་ལོ་སྟེ། ཕྱི་ལོ་༡༩༤༩ ལོར་རང་ལོ་༡༨ ལ་སོན་སྐབས་རྒྱ་ནག་དམར་ཤོག་ཚོགས་པའི་ནང་དུ་ཞུགས། ཕྱི་ལོ་༡༩༨༠ གྱ་གྲངས་ཀྱི་ནང་དུ་ཁོང་དམར་ཤོག་ཚོགས་པ་དང་སྲིད་གཞུང་གི་མཐོ་རིམ་མགོ་ཁྲིད་ཀྱི་གྲས་སུ་བསླེབས། ཡིན་ཡང་འདི་དག་གིས་ཁོང་ལ་མཚམས་རེར་གཞུང་གི་སྲིད་བྱུས་ཀྱི་ལམ་ལུགས་མི་འགྲིག་པའི་སྐོར་ལ་སྐྱོན་བརྗོད་བྱེད་པའི་གཤིས་ཀ་དེར་འགྱུར་བ་གཏོང་ཐུབ་མེད། དཔེ་མཚོན་ཙམ་ཞུས་ན། སྔོན་མ་ཁོང་སི་ཁྲོན་ནས་ཕྱིར་རྒྱ་ནག་ཏུ་ལས་གནས་མ་བསྒྱུར་བའི་སྔོན་ལ་ཁོང་གིས། ཀྲུང་དབྱང་གིས་བོད་རིགས་བྱིས་པ་ཚོའི་ཤེས་ཡོན་སློབ་གསོའི་སྟེང་རོགས་སྐྱོར་མ་དངུལ་གང་འཚམ་ཞིག་བཏང་བ་དེ་དག་རྒྱ་ནག་གཞུང་གི་ལས་བྱེད་ཚོས་ལྐོག་ནས་ཁོང་ཚོའི་བྱིས་པ་ཚོའི་མདུན་ལམ་ཆེད་དུ་བཏང་བའི་ཐད་སྐྱོན་བརྗོད་ཤུགས་ཆེར་བྱས་འདུག ཡངས་གླིང་རྡོ་རྗེ་ཡིས་ཁོང་གི་མི་ཚེའི་བྱ་གཞག་གི་དུས་ཡུན་རིང་ཤོས་དེ་སི་ཁྲོན་དུ་བསྐྱལ་ཡོད་འདུག ཐོག་མར་དམར་ཤོག་གུང་གཞོན་ཚོགས་པའི་མགོ་ཁྲིད་དང་། དེ་རྗེས་སྡེ་དགེ་རྫོང་དང་རྔ་པ་ཁུལ་གྱི་དམར་ཤོག་ཚོགས་པའི་ཚོགས་མི་གནང་ཞིང་། མཐའ་མར་སི་ཁྲོན་ཞིང་ཆེན་གྱི་སྲིད་སྐྱོང་གཞོན་པའི་གོ་གནས་སུ་བསླེབས། ཕྱི་ལོ་༡༩༨༠ ལོ་ནས་ཕྱི་ལོ་༡༩༨༦ ལོའི་བར་ཁོང་ཉིད་གོང་གི་གོ་གནས་རང་འཇགས་ཐོག་བོད་རང་སྐྱོང་ལྗོངས་ཞེས་པ་དེའི་སྲིད་སྐྱོང་གཞོན་པའི་ཕྱག་ལས་གནང་བ་དང་། དེའི་རྗེས་སུ་བོད་རང་སྐྱོང་ལྗོངས་ཀྱི་དམར་ཤོག་ཚོགས་པའི་སྤྱི་ཁྱབ་དྲུང་ཆེ་གཞོན་པ་དང་བོད་རང་སྐྱོང་ལྗོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་བཅས་ཀྱི་གོ་གནས་སུ་བསླེབས། ཕྱིར་སི་ཁྲོན་དུ་ཕེབས་པ་ནས་བཟུང་ཁོང་གིས་སི་ཁྲོན་ཞིང་ཆེན་གྱི་སྲིད་གྲོས་དང་དབུས་དམར་ཤོག་ཚོགས་པའི་ཚོགས་མི་སོགས་གོ་གནས་མཐོ་ས་དག་ཏུ་ཕྱག་ལས་གནང་འདུག་ལ། ཁོང་གི་ཕྱག་ལས་ཕལ་ཆེ་བ་རིག་གཞུང་གི་ཕྱོགས་ཡིན་འདུག ཕྱི་ལོ་༢༠༡༧ ཟླ་༡༢ ཚེས་༡༩ ཉིན་ཁོང་གིས་ཁྲིན་ཏུའུ་རུ་སི་ཁྲོན་ཞིང་ཆེན་བོད་རིག་པ་ཞིབ་འཇུག་ཚོགས་པའི་བོད་དོན་གྲོས་མོལ་ཚོགས་འདུ་ཐེངས་༦ པའི་ཚོགས་འདུའི་གཙོ་སྐྱོང་གནང་འདུག ཚོགས་ཆེན་དེའི་སྟེང་བོད་ཀྱི་ས་ཁུལ་གང་ས་ནས་ཕེབས་པའི་བོད་རིག་པའི་མཁས་པ་དང་ཉམས་ཞིབ་པ་མི་༡༢༠ འཛོམས་ཡོད་ཅིང་། སྐབས་དེ་དུས་ཡངས་གླིང་རྡོ་རྗེའི་གཏམ་བཤད་ཀྱི་བརྗོད་གཞི་ནི། (རྒྱ་ནག་གཞུང་གིས་མི་རིགས་དང་ཆོས་ལུགས་ལས་དོན་ཐད་བཟུང་བའི་སྲིད་བྱུས་)ཞེས་པ་དེ་ཡིན་འདུག མཐར་ཕྱི་ལོ་༡༩༩༨ ཟླ་༡༢ པའི་ནང་ལས་འཁྱུར་ངལ་གསོ་གནང་ཡོད་འདུག
བྱས་རྗེས་གཙོ་བོའི་སྐོར་རགས་ཙམ་ཞུས་ན། ཏང་སྲིད་ལས་དོན་དུས་ཡུན་རིང་པོར་བསྒྲུབས་ཤིང་། རིག་པའི་གཞུང་ལུགས་ཀྱི་རྨང་གཞི་ཆེས་བཟང་བ་དང་། ལག་ལེན་ཉམས་མྱོང་ཕུན་སུམ་ཚོགས་པོ་ཡོད་པ། སྡེ་དགེ་རྫོང་དང་། རྔ་བ་ཁུལ། སི་ཁྲོན་ཞིང་ཆེན་སྲིད་གྲོས། བོད་རང་སྐྱོང་ལྗོངས་སོགས་སུ་ལས་དོན་སྒྲུབ་རིང་། རྔ་བ་ཁུལ་སྒྲིག་སྒྱུར་ཅུས་དང་། རྔ་བ་ཁུལ་དགེ་འོས་ཆེད་སྦྱོང་སློབ་གྲྭ་དང་འབར་ཁམས་སློབ་འབྲིང་གི་བོད་ཡིག་འཛིན་གྲྭ། རྔ་བ་ཁུལ་མཛོད་དགེ་བོད་ཡིག་སློབ་འབྲིང་དང་དེའི་ནང་གི་བོད་ལུགས་ཕྱུགས་རིགས་སྨན་པའི་འཛིན་གྲྭ། བོད་ལུགས་གསོ་རིག་འཛིན་གྲྭ། གཞན་ཡང་བོད་ཡིག་པར་ཁང་དང་སྐབས་མང་པོའི་བོད་ཡིག་གསོ་སྦྱོང་འཛིན་གྲྭ་སོགས་བཙུགས་པ་དང་བོད་ཡིག་སློབ་དེབ་ཀྱང་རྩོམ་སྒྲིག་གནང་བ། ཕྱི་ལོ་༡༩༩༢ ལོ་ནས་ཕྱི་ལོ་༡༩༩༤ ལོའི་བར། སི་ཁྲོན་སློབ་ཆེན་དུ་རབ་འབྱམས་ཞིབ་འཇུག་སློབ་མའི་འཛིན་གྲྭ་འཛུགས་རྒྱུར་མངགས་བཅོལ་བྱས་ནས། གྲངས་ཉུང་མི་རིགས་ཀྱི་སློབ་མ་༢༢ སློབ་ཞུགས་དང་། རབ་འབྱམས་ཞིབ་འཇུག་སློབ་མ་༡༧ གསོ་སྐྱོང་གནང་བས། ཁུལ་དང་རྫོང་། སྤྱི་ཚོགས་སྟེང་གི་མི་རྣམས་ཀྱིས་གཟེངས་བསྟོད་ཆེན་པོ་ཐོབ་ཡོད་འདུག བོད་ལྗོངས་སུ་ཕྱག་ལས་གནང་སྐབས། བོད་ཀྱི་སྐད་ཡིག་དང་བོད་ལུགས་གསོ་རིག་ཉམས་པ་སོར་ཆུད་དང་མ་ཉམས་གོང་འཕེལ་གཏོང་ཆེད། ནུས་ཤུགས་ཆེན་པོའི་སྒོས་ཕྱོགས་ཡོངས་ནས་བོད་ཀྱི་སྐད་ཡིག་སློབ་སྦྱོང་དང་བེད་སྤྱོད། སྐད་གཉིས་སློབ་ཁྲིད་འཕེལ་རྒྱས། བོད་ལུགས་རིག་གནས་དར་སྤེལ། སྔོན་ཐོན་གྱི་མི་རིགས་གཞན་གྱི་རིག་གནས་ལ་སློབ་སྦྱོང་བྱས་ཏེ། བོད་ལྗོངས་སློབ་གྲྭ་ཆེན་མོ་སྒྲིག་འཛུགས་གནང་བ་དང་། བོད་ལུགས་གསོ་རིག་སློབ་གླིང་དང་། བོད་སྨན་ནད་བཅོས་སྡོད་ཁང་སོགས་འཛུགས་རྒྱུའི་གྲ་སྒྲིག་ཀྱང་བྱས། རྗེས་ནས་བོད་རིག་པའི་ཞིབ་འཇུག་ལས་དོན་འཕེལ་རྒྱས་གཏོང་ཆེད། སི་ཁྲོན་བོད་རིག་པ་ཞིབ་འཇུག་སློབ་གླིང་དང་སི་ཁྲོན་བོད་རིག་པ་ཞིབ་འཇུག་ཁང་གསར་བཙུགས་གནང་ནས་ལས་ཁུངས་དེ་གཉིས་སུ་གླིང་གཙོ་དང་ཚོགས་གཙོའི་འགན་བཞེས། ཞིང་ཆེན་རིམ་པའི་བོད་རིག་པ་ཞིབ་འཇུག་དང་བགྲོ་གླེང་ཚོགས་འདུ་ཐེངས་མང་པོར་འཚོགས་པ་དང་། སི་ཁྲོན་བོད་རིག་པ་ཞིབ་འཇུག་ཅེས་པའི་དཔེ་དེབ་དང་པོ་ནས་བཅུ་དྲུག་བར་དང་། བོད་ཀྱི་གཏམ་དཔེ་ཕྱོགས་སྒྲིག་བཅས་ཀྱི་གཙོ་སྒྲིག་པའི་འགན་ཁུར་བ་སོགས་མི་རིགས་རིག་གནས་དང་སློབ་གསོ་ལས་དོན་འཕེལ་རྒྱས་འགྲོ་བ་ལ་བྱས་རྗེས་ཆེན་པོ་བཞག་ཡོད་འདུག

གསར་འགོད་པ། བསོད་ནམས་ཕུན་ཚོགས།