ཡིག་ཐོག་གི་མང་གཙོ་དང་ལག་ལེན་དངོས།
བོད་ཀྱི་བང་ཆེན་གསར་ཤོག་སྤྱིའི་འདོན་ཐེངས་༡༠༧༩།
འཛམ་གླིང་ཁྱོན་ཡོངས་སུ་རང་དབང་མང་གཙོའི་ལྟ་གྲུབ་དར་སྲོལ་སྔ་མོ་བྱུང་བར་གྲགས་ལ། དེ་ཡང་མང་གཙོའི་བྱུང་རིམ་གྱི་ལོ་རྒྱུས་ནང་འཛམ་གླིང་ཤར་ནུབ་གཉིས་སུ་འབྱུང་ཁུངས་མི་འདྲ་བའི་བཤད་སྲོལ་སྣ་ཚོགས་ཤིག་ཀྱང་བྱུང་མྱོང་། སྐབས་འདིའི་གླེང་བྱ་གཙོ་བོ་ནི་ལོ་རྒྱུས་ཀྱི་བྱུང་རིམ་མ་ཡིན་པར་མང་གཙོའི་ལག་ལེན་གྱི་ཐོག་ནས་ད་ལྟའི་གནས་བབས་སྐོར་ཡིན། འཛམ་གླིང་འཁྲུག་ཆེན་གཉིས་པ་མཇུག་བསྡུས་ནས་དུས་རབས་ཉེར་གཅིག་པའི་ལོ་རབས་བཅུ་པ་ཙམ་བར་འཛམ་གླིང་ཤར་ནུབ་ཡོངས་སུ་མང་གཙོའི་ལམ་སྲོལ་དར་སྲོལ་ཆེ་ཤོས་དང་། མང་གཙོའི་རིན་ཐང་ལ་ཆེ་མཐོང་ཆེ་ཤོས་ཀྱི་དུས་ཚོད་གལ་ཆེན་ཞིག་ཏུ་གྱུར་ཡོད། དུས་ཡུན་དེའི་རིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ནུས་ཤུགས་ཆེ་ཤོས་ཀྱི་དུས་ཚོད་ཅིག་ཀྱང་ཡིན་པས། འགྲོ་བ་མིའི་ཐོབ་ཐང་སོགས་ཀྱི་རིན་ཐང་གི་ལྟ་བ་འཛམ་གླིང་ཤར་ནུབ་ཀུན་ཏུ་དར་ཁྱབ་ཆེན་པོ་བྱུང་ཡོད་པ་མ་ཟད། དེ་ལ་བརྟེན་ནས་མི་མང་ཉམ་ཆུང་མང་པོ་ཞིག་ལ་འདྲ་མཉམ་གྱི་གོ་སྐབས་རག་སྟེ་བཟང་ཕྱོགས་ཀྱི་གྲུབ་འབྲས་ཀྱང་ཚད་མཐོན་པོ་བྱུང་ཡོད།
ཉེ་བའི་ལོ་བཅུ་ཕྲག་ཙམ་གྱི་རིང་འཛམ་གླིང་ཤར་ནུབ་ཀུན་ཏུ་གདུག་རྩུབ་དང་རྩུབ་སྤྱོད་ཅན་གྱི་དཔོན་རིགས་མང་པོ་ཞིག་སླེབས་ཡོད་པ་དང། ད་ལྟའི་ཆར་ཡིག་ཐོག་ཏུ་ཡོད་པའི་མང་གཙོ་དང་། ལག་ལེན་གྱི་ཐོག་ཏུ་ཡོད་པའི་མང་གཙོ་གཉིས་ལ་བར་ཁྱད་ཆེན་པོ་བྱུང་སྟེ་ཁ་ནས་འགྲོ་བ་མི་སྤྱི་དང་གོ་ལ་ཧྲིལ་པོ་ཞེས་བརྗོད་པ་ཙམ་ལས། དོན་དུ་རྒྱལ་ཁབ་སོ་སོའི་ཁེ་ཕན་དང་། དེའི་ནང་ནས་ཀྱང་གཙོ་བོ་སྲིད་དོན་ཚོགས་པ་སོ་སོའི་ཁེ་ཕན། ལྷག་པར་དུ་སྲིད་དོན་པ་མི་སྒེར་སོ་སོའི་སྲིད་དབང་སྲ་བརྟན་གཏོང་རྒྱུ་ཁོ་ན་གཙོ་བོར་འཛིན་བཞིན་ཡོད། མང་གཙོའི་རིན་ཐང་དང་མང་གཙོ་ལག་ལེན་གྱི་ཐོག་ལ་དོན་དངོས་སུ་འབད་བརྩོན་བྱེད་མཁན་གྱི་མགོ་ཁྲིད་དག་ལ་ཤུགས་རྐྱེན་ཧ་ཅང་ཆུང་དུ་སོང་ཡོད། དེ་ལ་བརྟེན་ནས་ད་ལྟའི་ཆར་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་སོགས་ཀྱི་རིན་ཐང་ཡང་རྒྱལ་ཁབ་གཞན་ལ་ཁ་གཏད་གཅོད་བྱེད་ཀྱི་ལག་ཆ་ཙམ་ལས། རྒྱལ་ཁབ་སོ་སོའི་ནང་དུ་ལག་བསྟར་ཚད་ལྡན་ཡོང་བར་འབད་བརྩོན་བྱེད་མཁན་གྱི་མགོ་ཁྲིད་ཚད་ལྡན་ཞིག་ད་ལྟའི་ཆར་མཐོང་ལམ་དུ་ཧ་ཅང་དཀོན།
དེང་སྐབས་གོ་ལ་ཧྲིལ་པོའི་ཁྱོན་ལ་དམག་འཁྲུག་གི་རྦ་རླབས་ཆེན་པོ་ཞིག་འཕྱུར་བཞིན་ཡོད་པས། གཞན་ལ་རྒོལ་བའི་གོ་མཚོན་དང། རང་ཉིད་སྲུང་བའི་གོ་མཚོན་སོགས་མཚོན་ཆ་འབའ་ཞིག་བཟོ་སྐྲུན་དང་ཉོ་ཚོང་མཁོ་སྒྲུབ་བཅས་གཙོ་བོ་བྱེད་པ་ལས། འགྲོ་བ་མིའི་ཐོབ་ཐང་དང་མང་གཙོའི་རིན་ཐང་གཙོ་བོར་འཛིན་རྒྱུའི་བསམ་བློ་གཏོང་ཐུབ་མཁན་གྱི་མགོ་ཁྲིད་ཅིག་ཧ་ལམ་མེད་པར་འགྱུར་བཞིན་ཡོད། མ་འོངས་པར་ཡང་མུ་མཐུད་འདོད་པ་མེད་བཞིན་ཁ་ཕྱོགས་འདི་ལས་གཡོལ་ཐུབ་མཁན་གྱི་རྒྱལ་ཁབ་ཅིག་འབྱུང་ཧ་ཅང་ཁག་པོ་རེད། མཉམ་འབྲེལ་རྒྱལ་ཚོགས་ཀྱང་སྔོན་མ་དང་མི་འདྲ་བར་རྒྱལ་ཁབ་སུས་མཉམ་འབྲེལ་རྒྱལ་ཚོགས་ཆེད་འགྲོ་སོང་མང་བ་བཏང་བ་དེའི་ངོ་སྲུང་བ་ལས། མི་མང་ཉམ་ཐག་དང་རྒྱལ་ཁབ་དཀའ་ངལ་ཅན་རྣམས་ལ་དམིགས་བསལ་གྱི་རོགས་སྐྱོར་བྱེད་པའི་བསམ་བློ་དང་ནུས་པ་ཆེན་པོ་མེད་པས། མཉམ་འབྲེལ་རྒྱལ་ཚོགས་དེ་ཤོག་བུའི་སྟག་དང་གཅིག་པ་རེད་ཅེས་པའི་བཤད་སྲོལ་ཡོད་པ་བཞིན་ད་ལྟའི་ཆར་དོན་དངོས་སུ་འགྱུར་བཞིན་ཡོད།
བཙན་བྱོལ་དུ་མང་གཙོའི་ལམ་ལུགས་ལག་བསྟར་བྱས་ནས་མི་ལོ་༦༦ འཁོར་ཡང་མང་གཙོའི་ལམ་ལུགས་ཀྱི་རིན་ཐང་དང་ངོས་འཛིན་ཉམས་བཞིན་ཡོད། འོས་བསྡུའི་ལམ་ལུགས་ལག་བསྟར་རྒྱུན་སྐྱོང་བྱེད་བཞིན་པ་ཙམ་ལས། མང་གཙོའི་རིན་ཐང་དང་༧གོང་ས་མཆོག་གི་ཐུགས་རེ་བཞིན་འགྲུབ་མེད། འདི་ཡང་བཙན་བྱོལ་བོད་མིའི་གནས་སྟངས་ཙམ་མིན་པར། འཛམ་གླིང་ཤར་ནུབ་ཀྱི་མང་གཙོའི་ལམ་ལུགས་སུ་ཤར་བསྐྱོད་བྱེད་བཞིན་པར་ཁས་འཆེ་བའི་སྟོབས་ཆེན་རྒྱལ་ཁབ་ཁག་གིས་ཀྱང་། ཡིག་ཐོག་གི་མང་གཙོ་དང་ལག་ལེན་གྱི་མང་གཙོ་གཉིས་ལྡོག་ཕྱོགས་སུ་གྱུར་ཡོད་པས། བཙན་བྱོལ་བོད་མིའི་མང་གཙོའི་གནས་སྟངས་ལ་འགྱུར་བ་འགྲོ་བཞིན་པར་དེ་ཙམ་བསམ་ཤེས་མི་ཐུབ་པ་ཞིག་མིན། ཕྱོགས་གཞན་ཞིག་ནས་༧གོང་ས་མཆོག་གི་བྱམས་བརྩེ་དང་ཞི་བདེའི་སློབ་གསོའི་འོག་འཚར་ལོང་བྱུང་བའི་བཙན་བྱོལ་བོད་མིའི་མང་གཙོའི་གནས་སྟངས་དེ་ལྟ་བུར་འགྱུར་བཞིན་པ་བློ་ཕམ་རེད་ལ། དེའི་རྒྱབ་ཏུ་རྒྱ་གཞུང་གི་འདྲེ་ལག་བརྐྱངས་ཡོད་ན་ནི་དེ་བས་ཀྱང་བློ་ཕམ་རེད།
མདོར་ན་བོད་དོན་འཐབ་རྩོད་ཀྱི་དམིགས་ཡུལ་ཐོག་ནས་བཤད་ན་མང་གཙོའི་ལམ་ལུགས་གལ་ཆེན་པོ་ཡིན་པ་དེ། མ་འོངས་པའི་སྲ་བརྟན་དང་རྒྱུན་འཁྱོངས་ཀྱི་ཆེད་དུ་ཡིན་པ་དང། དེ་ཡང་༧གོང་ས་མཆོག་གིས་ཕུགས་རྒྱང་རིང་པོར་དམིགས་ནས་བཙན་བྱོལ་བོད་པའི་སྤྱི་ཚོགས་སུ་ལག་བསྟར་གནང་བ་ཞིག་རེད། ཐོག་མའི་ཆར་བཙན་བྱོལ་ནང་གི་མང་གཙོའི་ལམ་ལུགས་དང་ཉམས་མྱོང་དེ་དག་བོད་ནང་དུ་ལེགས་སྐྱེས་སུ་འབུལ་རྒྱུའི་ཐུགས་རེ་ཡང་གནང་མྱོང་། འོན་ཀྱང་མི་རིགས་ས་གནས་རང་སྐྱོང་ཡོང་ཐབས་ཀྱི་བསམ་འཆར་ཡིག་ཆའི་ནང་མང་གཙོའི་ལམ་ལུགས་ཀྱི་དགོས་འདུན་བཏོན་མེད་པས། དབུ་མའི་ལམ་བརྒྱུད་ནས་བོད་རྒྱའི་གནད་དོན་ཐག་གཅོད་ཐུབ་པའི་དབང་དུ་བཏང་ན་བོད་དུ་མང་གཙོའི་ལམ་ལུགས་ལག་བསྟར་བྱ་ས་མེད་ཀྱང་། ཆབ་སྲིད་ཀྱི་ལམ་ལུགས་ནང་ནས་མང་གཙོའི་ལམ་ལུགས་དེ་འདྲ་མཉམ་དང་གཅིག་མཚུངས་ཡག་ཤོས་སུ་གྱུར་ཡོད་པས། བཙན་བྱོལ་བོད་མིས་ལམ་ལུགས་འདིར་ངེས་ཤེས་བརྟན་པོའི་ཐོག་ནས་ལག་བསྟར་དགོས་ངེས་རེད།།
