ཡུ་གུར་གྱིས་དམག་མི་བསྡུ་རུབ་བྱས་ཏེ་རྒྱ་ནག་ལ་ཁ་གཏད་གཅོག་དགོས་པའི་སྐུལ་མ་བྱས་འདུག
རྒྱ་ནག་གཞུང་གིས་ཤར་ཏུར་ཀི་སི་ཐན་ནང་ཡུ་གུར་ཁ་ཆེ་མི་རིགས་ཚོར་དྲག་གནོད་དང་ཚོད་འཛིན་ཤུགས་ཆེ་བྱེད་ཀྱི་ཡོད་པ་རྒྱལ་སྤྱིའི་ཐོག་ནས་གླེང་སློང་དང་རྒྱ་ནག་ལ་སྐྱོན་བརྗོད་བྱེད་བཞིན་ཡོད་པར་བརྟེན། ཨབ་གྷ་ནི་སི་ཐན་ནང་ཡོད་པའི་རྒྱ་མིའི་ཟ་ཁང་སྐད་གྲགས་ཆེན་པོ་ཞིག་ལ་ཁ་ཆེའི་དྲག་སྤྱོད་པ་ (Islamic State Khorasan (ISIS-K)) ཟེར་བ་ཞིག་གིས་གཏོར་རྒོལ་བྱས་ནས་རྒྱ་མི་མང་པོ་ཞིག་བསད་ཡོད་པས། རྒྱ་ནག་གཞུང་གིས་ཨབ་གྷ་ནི་སི་ཐན་གྱི་གཞུང་ངོས་ནས་ཞིབ་བཤེར་ནན་ཏན་བྱེད་དགོས་པ་བརྗོད་འདུག

ཕྱི་ལོ་༢༠༢༦ ཟླ་༡ ཚེས་༢༠ ཉིན་ལྷོ་རྒྱ་ནག་ཞོགས་པའི་ཆ་འཕྲིན་གྱིས་གནས་ཚུལ་སྤེལ་དོན་ལ། ཉེ་ཆར་གཟའ་ཟླ་བའི་ཉིན་ཨབ་གྷ་ནི་སི་ཐན་གྱི་རྒྱལ་ས་ཀ་བུལ་(Kabul)ནང་ཡོད་པའི་རྒྱ་མིའི་ཟ་ཁང་གྲགས་ཅན་ཞིག་ལ་ཁ་ཆེའི་དྲག་སྤྱོད་པས་གཏོར་རྒོལ་བཏང་ཡོད་ཅིང་། དོན་རྐྱེན་དེའི་ཁྲོད་རྒྱ་མི་གཅིག་དང་ཨབ་གྷ་ནི་སི་ཐན་གྱི་མི་དྲུག་བསད་ཡོད་པ་བརྗོད་འདུག་ཀྱང་། རྒྱལ་སྤྱིའི་གསར་ཁང་གཞན་པ་ནས་རྒྱ་མི་ལྔ་དང་ཨབ་གྷ་ནི་སི་ཐན་གྱི་མི་གཉིས་བསད་པ་དང་། ཁྱོན་མི་༢༥ ལ་ཤི་རྨས་བྱུང་ཡོད་པ་བརྗོད་འདུག གོང་གསལ་གྱི་གྲོང་ཁྱེར་དེ་ནི་ཨབ་གྷ་ནི་སི་ཐན་ནང་གི་གྲོང་ཁྱེར་སྲུང་སྐྱོབ་ཆེ་ཤོས་དང་རྒྱལ་ཁབ་འདྲ་མིན་གྱི་གཞུང་ཚབ་རྣམས་དེར་ཡོད་འདུག་ཀྱང་། ཐེངས་འདིའི་གཏོར་རྒོལ་བྱེད་མཁན་ནི་གོང་གསལ་གྱི་དྲག་སྤྱོད་པའི་ཚོགས་པ་དེ་ཡིན་པ་(Amaq)ཞེས་པའི་བརྒྱུད་ལམ་ཐོག་ཏུ་ངོས་ལེན་གྱི་གནས་ཚུལ་སྤེལ་ཡོད་འདུག་ཅིང་། དྲག་སྤྱོད་པའི་ཚོགས་པ་དེ་ཡིས་བརྗོད་དོན་ལ་ཁོང་ཚོས་གཏོར་རྒོལ་བྱེད་རྒྱུའི་དམིགས་འབེན་གྱི་ཐོ་གཞུང་ནང་རྒྱ་མི་རྣམས་ཡོད་པ་དང་། རྒྱུ་མཚན་ནི་རྒྱ་ནག་གཞུང་གིས་ཤར་ཏུར་ཀི་སི་ཐན་ནང་ཡོད་པའི་ཡུ་གུར་ཁ་ཆེ་མི་རིགས་རྣམས་ལ་བཙན་གནོན་དང་། གདུག་རྩུབ་ཆེ་བའི་སྲིད་བྱུས་ཤིག་འཛིན་བཞིན་ཡོད་པའི་རྐྱེན་གྱིས་ཡིན་པ་བརྗོད་འདུག འོན་ཀྱང་། རྒྱ་ནག་གཞུང་གིས་དེ་ནི་འཁྱོག་བཤད་དང་རྫུན་བཤད་ཡིན་པ་དང་། དོན་རྐྱེན་དེ་ནི་དྲག་སྤྱོད་པའི་བྱ་སྤྱོད་ཡིན་པ་ལས་ཡུ་གུར་ཁ་ཆེ་མི་རིགས་རྣམས་ལ་དཀའ་ངལ་སྤྲད་པའི་རྐྱེན་གྱིས་མིན་པ་འགྲེལ་བརྗོད་བྱས་འདུག
གཏོར་རྒོལ་དེ་བྱུང་ནས་ཆུ་ཚོད་འགའ་ཤས་རྗེས་སུ་རྒྱ་ནག་ཕྱི་སྲིད་ལྷན་ཁང་གིས་ཨབ་གྷ་ནི་སི་ཐན་ནང་ཡོད་པའི་རྒྱ་མི་རྣམས་ཀྱིས་རང་སྲུང་ནན་ཏན་བྱེད་དགོས་པ་དང་། ཨབ་གྷ་ནི་སི་ཐན་ལ་འགྲོ་རྒྱུའི་འཆར་གཞི་ཡོད་པའི་མི་མང་ཚོས་གནས་སྐབས་རིང་ཕྱིར་འགྱངས་བྱེད་དགོས་པའི་སྐུལ་མ་བྱས་འདུག
དྲག་པོའི་ཚོགས་པ་(ISIS-K)ཟེར་བ་དེ་ཨབ་གྷ་ནི་སི་ཐན་གྱི་ད་ལྟའི་གཞུང་འཛིན་སྐྱོང་བྱེད་མཁན་ཏ་ལི་པན་དང་ཁ་གཏད་ཡིན་འདུག་ཅིང་། ཏ་ལི་པན་གཞུང་དང་རྒྱ་ནག་གཞུང་གཉིས་བར་དཔལ་འབྱོར་མཉམ་ལས་ཀྱི་གན་རྒྱ་མང་པོ་ཞིག་བཞག་ཡོད་པ་དང་། དེ་དག་བཀག་འགོག་བྱེད་ཆེད་ཡིན་པ་བརྗོད་འདུག
ལོ་སྔོན་མའི་ཕྱི་ཟླ་༧ ནང་(ISIS-K)ཞེས་པའི་དྲག་སྤྱོད་པའི་ཚོགས་པ་ལ་མཐའ་གཅིག་ཏུ་རྒྱབ་སྐྱོར་བྱེད་མཁན་(Al-Tazkirah) ཞེས་པའི་དྲྭ་ཐོག་གསར་འགྱུར་བརྒྱུད་ལམ་ཞིག་གི་ཐོག་ཏུ་དམག་མི་བསྡུ་རུབ་ཀྱི་བརྡ་ཁྱབ་ཅིག་བཀྲམ་ནས་ཡུ་གུར་མི་རིགས་རྣམས་དྲག་པོའི་སྒྲིག་འཛུགས་དེའི་ནང་ཞུགས་ཏེ་རྒྱ་ནག་བཙན་དབང་གི་རྒྱལ་ཁམས་ (Empire of Tyranny) དེ་གཏོར་བཤིག་གཏོང་དགོས་པའི་སྐུལ་མ་བྱས་ཡོད་འདུག
དེ་བཞིན་རྒྱ་ནག་གཞུང་གིས་ཀྱང་ཨབ་གྷ་ནི་སི་ཐན་ནང་ཡོད་པའི་དྲག་སྤྱོད་པ་དེ་དག་ཤར་ཏུར་ཀི་སི་ཐན་གྱི་ས་ཁུལ་ནང་འཛུལ་ནས་གཏོར་རྒོལ་བྱེད་རྒྱུར་སེམས་ཁྲལ་ཆེན་པོ་བྱེད་ཀྱི་ཡོད་པ་བརྗོད་འདུག་ལ། རྒྱ་ནག་གཞུང་གིས་ཡང་ནས་བསྐྱར་དུ་ཏ་ལི་པན་གཞུང་གི་ངོས་ནས་རྒྱ་ནག་དང་ཨབ་གྷ་ནི་སི་ཐན་གཉིས་ཀྱི་ཉེ་འཁོར་ལ་དྲག་སྤྱོད་འགོག་རྒོལ་ནན་ཏན་བྱེད་དགོས་པའི་འབོད་སྐུལ་བྱེད་ཀྱི་ཡོད་འདུག རྒྱ་ནག་དང་ཨབ་གྷ་ནི་སི་ཐན་གཉིས་བར་ཀི་ལོ་མི་ཊར་༩༢ ཙམ་གྱི་ས་མཚམས་ཡོད་འདུག ཏ་ལི་པན་གཞུང་གསར་འཛུགས་བྱས་པ་ནས་བཟུང་རྒྱ་མི་རྣམས་ལ་དྲག་སྤྱོད་པས་གཏོར་རྒོལ་ཐེངས་འགའ་ཤས་བྱུང་ནས་མི་མང་པོ་བསད་ཡོད་འདུག
གསར་འགོད་པ། བསོད་ནམས་ཕུན་ཚོགས།
