ཡུ་རོབ་གྲོས་ཚོགས་ཀྱི་འཐུས་མི་འགས་༧པཎ་ཆེན་རིན་པོ་ཆེ་གློད་གྲོལ་གཏོང་དགོས་པ་ནན་བརྗོད་བྱས།
ཀུན་གཟིགས་༧པཎ་ཆེན་རིན་པོོ་ཆེ་སྐུ་ཕྲེང་བཅུ་གཅིག་པའི་འཁྲུངས་སྐར་ཉིན། ཡུ་རོབ་གྲོས་ཚོགས་ཀྱི་འཐུས་མི་འགས་ཁོང་གློད་བཀྲོལ་གཏོང་དགོས་པ་དང་། རྒྱ་གཞུང་གིས་རིན་པོ་ཆེ་མཆོག་གར་ཡོད་ཀྱི་གནས་སྟངས་ཐད་ཡོངས་ཁྱབ་དགོས་པའི་ནན་བརྗོད་བྱས་ཡོད་འདུག

ཟླ་འདིའི་ཚེས་༢༥ ཀུན་གཟིགས་༧པཎ་ཆེན་རིན་པོ་ཆེན་སྐུ་ཕྲེང་བཅུ་གཅིག་པ་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་དགུང་གྲངས་སོ་དྲུག་ལ་ཕེབས་པའི་འཁྲུངས་སྐར་གྱི་ཉིན། ཡུ་རོབ་ཀྱི་གྲོས་ཚོགས་འཐུས་མི་བཅུ་ལྷག་གིས་ལག་ཏུ་༼༧པཎ་ཆེན་རིན་པོ་ཆེ་སྐུ་ཕྲེང་བཅུ་གཅིག་པ་མཆོག་ཕྱི་ལོ་༢༠༢༥ ཟླ་༤ ཚེས་༢༥ ཉིན་དགུང་གྲངས་ལོ་༣༦ ལ་ཕེབས་ཀྱི་ཡོད། འོན་ཀྱང་ཁོང་ག་པར་ཡོད་དམ། རྒྱ་གཞུང་གིས་འཛམ་གླིང་ལ་ལན་འདེབས་བྱེད་དགོས་༽ ཞེས་པའི་འཕྲེད་དར་ཁྱེར་ནས། རིན་པོ་ཆེ་མཆོག་ད་ལྟ་གང་དུ་ཡོད་མེད་ཀྱི་གནད་དོན་ཐད་རྒྱ་གཞུང་ལ་འགན་ཡོད་པ་གསལ་འདོན་བྱས་ཡོད་པ་མ་ཟད། ཡུ་རོབ་གྲོས་ཚོགས་འཐུས་མི་བོད་དོན་རྒྱབ་སྐྱོར་ཚོགས་པས་ཡུ་རོབ་མཐུན་ཚོགས་ཀྱི་ཕྱི་འབྲེལ་སྲིད་བྱུས་ཐོག རྐང་འགན་འཁུར་བཞེས་གནང་མཁན་ཡུ་རོབ་མཐུན་ཚོགས་ཀྱི་ཚོགས་གཙོ་གཞོན་པའི་མཚན་ཐོག་ལ་༧པཎ་ཆེན་རིན་པོ་ཆེའི་སྐོར་ཡིག་ཐོག་དྲི་བ་ཞིག་ཕུལ་ཡོད་པ་བོད་མིའི་སྒྲིག་འཛུགས་ཀྱི་དྲྭ་ཐོག་ཏུ་བཀོདའདུག
སྤྱིར་པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་ཕྱི་ལོ་༡༩༨༩ ཟླ་༤ ཚེས་༢༥ ཉིན་ནག་ཆུ་ལྷ་རི་རྫོང་དུ་ཡབ་དཀོན་མཆོག་ཕུན་ཚོགས་དང་ཡུམ་བདེ་ཆེན་སྒྲོན་གཉིས་ཀྱི་སྲས་སུ་སྐུ་འཁྲུངས་ཞིང་། ཕྱི་ལོ་༡༩༩༥ ཟླ་༥ ཚེས་༡༤ ཉིན་༧གོང་ས་མཆོག་གིས་༧པཎ་ཆེན་སྐུ་ཕྲེང་བཅུ་པའི་ཡང་སྲིད་འཁྲུལ་བྲལ་དུ་ངོས་འཛིན་གྱི་གསལ་བསྒྲགས་མཛད་དེ་ཉིན་གསུམ་གྱི་རྗེས། ཟླ་དེའི་ཚེས་༡༧ ཉིན། རྒྱ་གཞུང་གིས་པཎ་ཆེན་ཆུང་སྲིད་རིན་པོ་ཆེ་དང་ཁོང་གི་ཡབ་ཡུམ། བྱ་བྲལ་རིན་པོ་ཆེ་གཙོས་སྐུ་འཁོར་བཅས་བཙན་འཁྲིད་ཀྱིས་ད་བར་གར་སོང་ཆ་མེད་དུ་གྱུར་ནས་ལོ་ངོ་༣༠ ཏག་ཏག་འགྲོ་བཞིན་ཡོད་པ་རེད།
དེ་བཞིན་ཁོང་རྣམ་པས། རྒྱ་གཞུང་གིས་ཕྱི་ལོ་༡༩༩༢ ལོར་བྱིས་པའི་ཐོབ་ཐང་སྐོར་གྱི་སྤྱི་ཆིངས་ལག་བསྟར་བྱེད་རྒྱུ་ཁས་ལེན་བྱས། ཆིངས་ཡིག་དེས་བྱིས་པ་ཚང་མར་མི་སེར་དང་། ཆབ་སྲིད། དཔལ་འབྱོར། སྤྱི་ཚོགས། རིག་གཞུང་གི་ཐོབ་ཐང་བཅས་ལོངས་སུ་སྤྱོད་པའི་ཐོབ་ཐང་ཡོད་པའི་འགན་ལེན་བྱེད་ཀྱི་ཡོད་ན་ཡང་། རྒྱ་གཞུང་གིས་༧པཎ་ཆེན་རིན་པོ་ཆེ་གཙོས་བོད་ཕྲུག་སྟོང་ཕྲག་མང་པོའི་ཐོབ་ཐང་དེ་དག་བཙན་འཕྲོག་བྱས་དང་བྱེད་བཞིན་ཡོད་པ་རེད།
ཕྱི་ལོ་ ༡༩༩༢ ནས་བཟུང་། བྱིས་པའི་ཐོབ་ཐང་སྐོར་གྱི་ཚོགས་ཆུང་གིས་སྤྱི་ཆིངས་ལག་བསྟར་བྱེད་ཕྱོགས་ཐད་རྒྱ་ནག་ལ་ཞིབ་བཤེར་ཐེངས་བཞི་བྱས་ཡོད་པ་མ་ཟད། ཐེངས་བཞི་པའི་ཚོགས་ཆུང་གི་མཐའ་བསྡོམས་ཞིབ་དཔྱད་ཡིག་ཆའི་ནང་། བོད་ཀྱི་མིང་གཙོ་བོར་བཏོན་ཏེ་བོད་སོགས་གྲངས་ཉུང་མི་རིགས་ཀྱི་བྱིས་པ་ཚོར་རང་གི་ཆོས་ལུགས་དང་རིག་གཞུང་། སྐད་ཡིག ཤེས་ཡོན་སོགས་སྦྱོང་རྒྱུའི་ཐོབ་ཐང་ལ་དོ་ཕོག་དང་དབྱེ་འབྱེད་འབྱུང་གི་ཡོད་པ་དང་།
གཞུང་ཕྱོགས་ནས་བོད་མི་ཚོའི་ཡུན་རིང་གི་དཀའ་སྡུག་སེལ་མ་ཐུབ་པའི་རྐྱེན་གྱིས་བོད་མི་ཚོས་རང་ལུས་མེར་སྲེག་བཏང་སྟེ་ཚེ་སྲོག་ཤོར་བཞིན་པའི་གནད་དོན་ཇེ་མང་དུ་འགྲོ་བཞིན་པར་སེམས་འཚབ་ཆེན་པོ་ཡོད་པ། རང་ལུས་མེར་སྲེག་གཏོང་བར་སྐུལ་མ་བྱས་པའི་མིང་ཐོག་ནས་བོད་པ་རྣམས་བཀག་ཉར་དང་བཙོན་འཇུག་བྱས་དང་བྱེད་བཞིན་པའི་གནས་ཚུལ་བྱུང་བར་ཡང་སེམས་འཚབ་ཡོད་ཅེས་དེ་དག་སེལ་ཐབས་སུ་སྐུལ་འདེབས་མང་དག་ཅིག་བྱས་འདུག
ལྷག་པར་དུ་དགུང་ལོ་དྲུག་གི་སྐབས་ནས་བཟུང་བཙན་དབང་འོག་གར་སོང་ཆ་མེད་ཀྱི་གནས་སུ་གྱུར་པའི་༧པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གི་གནས་སྟངས་རྒྱུས་ལོན་ཆེད་རང་དབང་ལྡན་པའི་ཆེད་མཁས་པ་རྟོག་ཞིབ་བྱ་བར་བཅར་རྒྱུའི་ཆོག་མཆན་སྤྲད་དགོས་པ་སོགས་ཀྱི་སྐུལ་འདེབས་ཀྱང་བྱས་ཡོད་འདུག།།
གསར་འགོད་པ། བློ་བཟང་རྒྱ་མཚོ།