ཡུ་རོབ་མཐུན་ཚོགས་ནས་རྒྱ་ནག་ལ་དཔལ་འབྱོར་གྱི་ཉེས་ཆད་གཅོད་རྒྱུའི་མོས་མཐུན་བྱས་འདུག

 ཡུ་རོབ་མཐུན་ཚོགས་ནས་ཀྱང་ཡུ་གུར་གྲངས་ཉུང་མི་རིགས་ཀྱི་རང་དབང་རྩིས་མེད་རྡོག་རོལ་གཏོང་མཁན་གྱི་དཔོན་པོ་༤ དང་། ཚོགས་སྡེ་༡ ལ་དཔལ་འབྱོར་གྱི་ཉེས་ཆད་གཅོད་རྒྱུར་མོས་མཐུན་བྱས་འདུག 

ཕྱི་ཟླ་༣ ཚེས་༡༧ ཉིན་རྒྱལ་སྤྱིའི་བརྒྱུད་ལམ་ཁག་ནས་གནས་ཚུལ་སྤེལ་གསལ་དུ། ཡུ་རོབ་མཐུན་ཚོགས་ཀྱི་འཐུས་མི་རྒྱལ་ཁབ་༢༧  གྱིས་རྒྱ་ནག་དམར་ཤོག་ཚོགས་པའི་དཔོན་པོ་༤ དང་། ཚོགས་སྡེ་༡ ལ་ཡུ་གུར་གྱི་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་བཏང་བའི་ཉེས་ཆད་གཅོད་རྒྱུར་མོས་མཐུན་བྱས་ཡོད་འདུག་ཅིང་། དེ་ནི་ཡུ་རོབ་མཐུན་ཚོགས་ཀྱིས་ཕྱི་ལོ་༡༩༨༩ ལོའི་གནམ་སྡེ་སྒོ་མོ་ཆེའི་དོན་རྐྱེན་རྗེས་སུ་རྒྱ་ནག་གི་དཔོན་རིགས་པ་ཉེས་ཆད་བཅད་པ་ཐེངས་གཉིས་པ་དེ་ཆགས་ཡོད་འདུག

ཐེངས་འདིའི་དཔལ་འབྱོར་ཉེས་ཆད་དེ་ནི། ཉེ་སྔོན་རྒྱ་ནག་གཞུང་གིས་ཡུ་རོབ་མཐུན་ཚོགས་ཀྱི་སྐུ་ཚབ་ཚོགས་ཆུང་ཞིག་ཤིན་ཅང་ཁུལ་གྱི་ཡུ་གུར་མི་མང་གི་གནས་སྟངས་ལ་ཞིབ་འཇུག་སྐོར་སྐྱོད་ཅིག་བཀག་འགོག་བྱས་པ་ལ་བརྟེན་ནས་བྱུང་བ་ཞིག་ཡིན་པ་དང་། སྐབས་དེར་ཡུ་རོབ་མཐུན་ཚོགས་ཀྱི་ཞིབ་འཇུག་ཚོགས་ཆུང་གིས། རྒྱ་ནག་གཞུང་ལ་བཙོན་འཇུག་འོག་ཡོད་པའི་ཡུ་གུར་གྲངས་ཉུང་མི་རིགས་ཀྱི་དགེ་རྒན་ཆེན་མོ་སྐུ་ཞབས་ཨེལ་ཧམ་ཊོ་ཧ་ཊེ་ (Ilham Tohti) ལ་ཐུག་འཕྲད་དང་ཁོང་ཀློད་གྲོལ་དགོས་པ། དེ་བཞིན་ཡུ་གུར་མི་མང་གི་འཚོ་བའི་གནས་སྟངས་ལ་རང་དབང་ཞིབ་འཇུག་བྱེད་ཆོག་པའི་དགོས་འདུན་བཏོན་ཡོད་སྟབས། རྒྱ་ནག་གིས་ཞིབ་འཇུག་ཚོགས་ཆུང་དེས་རྒྱ་ནག་གི་རྩ་ཁྲིམས་ལ་འགལ་བའི་ཉེས་ཅན་པར་ཐུག་འཕྲད་བྱེད་རྩིས་ཡོད་པར་ངོས་ལེན་བྱེད་ཐབས་མེད་སྐོར་བརྗོད་དེ་ཞིབ་འཇུག་ཚོགས་ཆུང་བཀག་འགོག་བྱས་ཡོད་རེད།

གཞན་ཡང་། ཁ་སང་རེས་གཟའ་ལྷག་པའི་ཉིན་བྷ་ཌན་སྲིད་གཞུང་གིས་རྒྱ་ནག་གི་འགོ་ཁྲིད་༢༤ ལ་ཧོང་ཀོང་གི་མང་གཙོ་གཏོར་བཤིག་གཏོང་མཁན་གྱི་བྱེད་གཏེ་ཡིན་པའི་ངོས་འཛིན་དང་། དེ་དག་ལ་དཔལ་འབྱོར་གྱི་ཉེས་ཆད་བཅད་པ་ཡིན་པའི་གསལ་བསྒྲགས་སྤེལ་ཡོད་པ་རེད། 

ད་ལྟའི་ཆར་ཧོང་ཀོང་གི་མང་གཙོ་རྩ་མེད་གཏོང་བ་དང་། ཤར་ཏུར་ཀི་སི་ཐན་དུ་ཡུ་གུར་མི་རིགས་རྩ་མེད་བཟོ་བ། ལྷོ་རྒྱ་ནག་མཚོའི་བདག་དབང་རྒྱ་ནག་ཡོད་ཚུལ་ལ་སོགས་པའི་རྒྱ་ནག་གི་བྱ་སྤྱོད་ལ་རྒྱལ་སྤྱིའི་ཐོག་ནས་ངོ་རྒོལ་སྐྱོན་བརྗོད་བྱེད་མཁན་ཇེ་མང་དུ་འགྱུར་བཞིན་ཡོད། ། 

གསར་འགོད་པ་དཀོན་མཆོག་རབ་བརྟན།