ཡུག་རེན་སྲིད་འཛིན་གྱིས་ཞི་ཅིང་ཕིང་ལ་ཁ་པར་བཏང་འདུག

ཟླ་འདིའི་ཚེས་༢༧ ཉིན་རྒྱལ་སྤྱིའི་གསར་འགྱུར་བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་གསལ་ལྟར་ན། ཡུག་རེན་གྱི་སྲིད་འཛིན་དང་རྒྱ་ནག་གི་སྲིད་འཛིན་བར་ཁ་པར་བརྒྱུད་ནས་བཀའ་མོལ་གནང་ཡོད་པའི་གནས་ཚུལ་ཐོན་འདུག

ཟླ་འདིའི་ཚེས་༢༦ ཉིན་ཡུག་རེན་གྱི་སྲིད་འཛིན་ཛི་ལན་སི་ཀི་དང་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིང་བར་ཁ་པར་བརྒྱུད་ནས་བཀའ་མོལ་གནང་ཡོད་འདུག ཕྱི་ལོ་༢༠༢༢ ཟླ་༢ པའི་ནང་ཨུ་རུ་སུས་ཡུག་རེན་ལ་བཙན་འཛུལ་བྱས་པ་ནས་ད་བར་སྲིད་འཛིན་གཉིས་ཀྱིས་ཕན་ཚུན་ཁ་པར་བརྒྱུད་ནས་བཀའ་མོལ་གནང་བ་ཐོག་མ་ཆགས་ཡོད་འདུག

ཡུག་རེན་སྲིད་འཛིན་གྱིས་བཀའ་མོལ་ཡུན་རིང་དང་དོན་སྙིང་ལྡན་པ་ཞིག་བྱུང་ལ། བཀའ་མོལ་འདི་དང་རྒྱ་ནག་ཏུ་ཡུག་རེན་གྱི་གཞུང་ཚབ་བསྐོ་བཞག་བྱེད་རྒྱུ་གཉིས་ཀྱིས་ཕྱོགས་གཉིས་ཀྱི་འབྲེལ་བ་ཇེ་ཟབ་ཏུ་གཏོང་རྒྱུ་ལ་སྐུལ་འདེད་ཕན་ནུས་ལྡན་པ་ཞིག་ཡོང་རྒྱུ་ཡིད་ཆེས་ཡོད་ཅེས་བརྗོད་འདུག

རྒྱ་ནག་གི་གཞུང་འབྲེལ་གསར་ཁང་གིས་གནས་ཚུལ་སྤེལ་གསལ་ལྟར་ན། སྲིད་འཛིན་གཉིས་ཀྱི་བཀའ་མོལ་ཆུ་ཚོད་གཅིག་ཙམ་གནང་ཡོད་པ་དང་། སྐབས་དེ་རྒྱ་ནག་གི་སྲིད་འཛིན་ཞི་ཅིང་ཕིང་གིས་དམག་འཁྲུག་ལས་ཐར་བའི་ཐབས་ལམ་གཅིག་ཁོ་ན་ཡོད་པ་ནི་གྲོས་མོལ་དང་སྐད་ཆ་བཤད་རྒྱུ་དེ་རེད་ཅེས་བརྗོད་ཡོད་པའི་གནས་ཚུལ་སྤེལ་འདུག རྒྱ་ནག་གི་ཕྱི་སྲིད་བློན་ཆེན་གྱི་བརྗོད་གསལ་ལྟར་ན། ཡུག་རེན་སྲིད་འཛིན་གྱིས་རྒྱ་ནག་གི་སྲིད་འཛིན་ལ་ཁ་པར་བཏང་ཡོད་རབས་བརྗོད་འདུག

ལོ་འདིའི་ཕྱི་ཟླ་༢ པའི་ནང་རྒྱ་ནག་གཞུང་གིས་ཞི་བའི་གྲོས་མོལ་སླར་གསོ་བྱེད་དགོས་པ་དང་ནུབ་ཕྱོགས་པ་ཚོས་དཔལ་འབྱོར་གྱི་ཉེས་ཆད་གཅོད་རྒྱུ་མཚམས་འཇོག་བྱེད་དགོས་པ། རྒྱལ་ཁབ་ཚང་མའི་བདག་དབང་ལ་གུས་བཀུར་དགོས་པ་སོགས་དམག་འཁྲུག་མཚམས་འཇོག་དགོས་པའི་ཞི་བའི་དོན་ཚན་༡༢ ཅན་ཞིག་བཏོན་ཡོད་ཀྱང་ལེགས་འགྲུབ་བྱུང་མེད་པ་རེད་འདུག

ཨུ་རུ་སུ་དང་ཡུག་རེན་གྱི་དམག་འཁྲུག་འགོ་བཙུགས་ནས་བཟུང་རྒྱ་ནག་གཞུང་གིས་རྒྱལ་ཁབ་གང་ལ་ཡང་རྒྱབ་སྐྱོར་བྱེད་ཀྱི་མེད་རབས་བརྗོད་ཡོད་ཀྱང་། རྒྱ་ནག་དང་ཨུ་རུ་སུའི་འབྲེལ་བ་ནི་ཇེ་ཡག་ཇེ་ལེགས་སུ་ཕྱིན་ཡོད་པའི་གནས་ཚུལ་ཐོན་འདུག།

གསར་འགོད་པ། བློ་བཟང་རྒྱ་མཚོ།