ཡུག་རེན་སྲིད་འཛིན་གྱིས་ཨུ་ཡུག་གཉིས་ཀྱི་དམག་འཁྲུག་དེ་དམག་ཆེན་གསུམ་པར་འགྱུར་ཉེན་ཡོད་པར་བརྗོད།
ཟླ་འདིའི་ཚེས་༢༩ ཉིན་(South China Morning Post) ་ཞེས་པའི་གསར་ཁང་གིས་གནས་ཚུལ་སྤེལ་གསལ་ལྟར་ན། ཡུག་རེན་སྲིད་འཛིན་གྱིས་ཨུ་རུ་སུ་དང་ཡུག་རེན་བར་གྱི་དམག་འཁྲུག་དེ་འཛམ་གླིང་དམག་ཆེན་གསུམ་པར་འགྱུར་ཉེན་ཡོད་པ་དང་། ཨ་རི་དང་ཡུ་རོབ་རྒྱལ་ཁབ་ཁག་གིས་ཡུག་རེན་ལ་རོགས་སྐྱོར་བྱེད་དགོས་ཞེས་བརྗོད་ཡོད་པའི་གནས་ཚུལ་ཐོན་འདུག

ཟླ་འདིའི་ཚེས་༢༨ ཉིན། འཇར་མན་གྱི་རླུང་འཕྲིན་ཁང་(ARD) ་ཟེར་བ་ཞིག་གིས་ཡུག་རེན་སྲིད་འཛིན་ལ་བཅར་འདྲི་བྱེད་སྐབས། སྲིད་འཛིན་ཛི་ལན་སི་ཀི་ཡིས་ཡུག་རེན་གྱི་རྩོད་རྙོག་དེ་འཛམ་གླིང་དམག་ཆེན་གསུམ་པར་འགྱུར་ཉེན་ཡོད་པས་འཇར་མན་ནས་ཨ་རི་བར་གྱི་རྒྱལ་ཁབ་ཚོས་ཡུག་རེན་ལ་རྒྱབ་སྐྱོར་བྱེད་དགོས་ཞེས་བརྗོད་ཡོད་པ་མ་ཟད། ཁོང་གིས་གལ་སྲིད་ཨུ་རུ་སུས་བྱང་ཆིངས་སྒྲིག་འཛུགས་ཀྱི་རྒྱལ་ཁབ་གཅིག་ལ་གཏོར་རྒོལ་བྱས་ཚེ། དེ་ནི་འཛམ་གླིང་དམག་ཆེན་གསུམ་པའི་འགོ་བཙུགས་པ་ཞིག་རེད་ཅེས་བརྗོད་འདུག
གཞན་ཡང་། སྲིད་འཛིན་ཛི་ལན་སི་ཀི་ཡིས་ཨ་རིའི་སྤྱི་མཐུན་ཚོགས་པའི་ཚོགས་མི་རེ་གཉིས་ཀྱིས་ཡུག་རེན་ལ་རྒྱབ་སྐྱོར་བྱེད་ཀྱི་མེད་ཀྱང་། དམངས་གཙོ་ཚོགས་པ་དང་སྤྱི་མཐུན་ཚོགས་པའི་ཚོགས་མི་མང་ཆེ་བས་ཡུག་རེན་ལ་རྒྱབ་སྐྱོར་བྱེད་ཀྱི་ཡོད་ཅེས་བརྗོད་འདུག
གསར་འགོད་པས་ཨ་རིའི་སྲིད་འཛིན་ཟུར་པ་ཊོམ་ཕུ་སླར་ཡང་སྲིད་འཛིན་དུ་འདེམས་ཐོན་བྱུང་ན། ཨ་རིའི་ཕོ་བྲང་དཀར་པོས་ཡུག་རེན་ལ་རྒྱབ་སྐྱོར་བྱེད་ཕྱོགས་ཐོག་ཤུགས་རྐྱེན་ཐེབས་མིན་དྲིས་པར། ཁོང་གིས་ཨ་རིའི་སྲིད་བྱུས་དེ་མི་གཅིག་ལ་རག་ལུས་མེད་ཅེས་ལན་བརྒྱབ་ཡོད་འདུག
གཞན་ཡང་། རྒྱལ་སྤྱིའི་གསར་འགྱུར་བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་གསལ་ལྟར་ན། ཕྱི་ལོ་༢༠༢༢ ་ལོ་ཨུ་རུ་སུ་དང་ཡུག་རེན་བར་དམག་འཁྲུག་འགོ་བཙུགས་ནས་བཟུང་། ཨ་རིའི་གཞུང་གིས་ཡུག་རེན་ལ་ཨ་སྒོར་ཐེར་འབུམ་$༡༡༡ ཡི་གོ་མཚོན་དང་། སྒྲིག་ཆས། མི་ཆོས་རིང་ལུགས་ཀྱི་རོགས་སྐྱོར་སོགས་བྱས་ཡོད་ཀྱང་། ད་ལྟའི་ཆར་ཨ་རིའི་གཞུང་གིས་ཡུག་རེན་ལ་མཁོ་བའི་མཚོན་ཆ་དང་རོགས་དངུལ་གཏོང་ཐུབ་ཀྱི་མེད་པ་རེད་འདུག
ནུབ་ཕྱོགས་རྒྱལ་ཁབ་ཚོས་ཡུག་རེན་ལ་རོགས་སྐྱོར་གསར་པ་བྱ་རྒྱུའི་འབད་བརྩོན་བྱེད་བཞིན་ཡོད་པ་དང་། ལྷག་པར་དུ་ཟླ་༢ ཚེས་༩ ཉིན་ཨ་རིའི་སྲིད་འཛིན་གྱིས་འཇར་མན་གྱི་སྲིད་འཛིན་ཨ་རིའི་ཕོ་བྲང་དཀར་པོ་ལ་སྣེ་ལེན་ཞུས་ནས་ཕྱོགས་གཉིས་ཀྱིས་ཡུག་རེན་ལ་རྒྱབ་སྐྱོར་ཇི་ལྟར་བྱེད་རྒྱུའི་ཐོག་བཀའ་མོལ་གནང་རྒྱུ་ཡིན་འདུག།
ཉེ་ཆར་ཡུ་རོབ་སྤྱི་མཐུན་ཚོགས་པའི་འཛིན་སྐྱོང་ལྷན་ཁང་གིས་ཡུག་རེན་ལ་ཡུ་སྒོར་ཐེར་འབུམ་༥༠ ་མཁོ་འདོན་བྱ་རྒྱུའི་གྲོས་འགོ་བཏོན་ཡོད་པ་དང་། ཚོགས་འདུའི་ཐོག་རྒྱལ་ཁབ་༢༧ ནས་༢༦ གིས་འཆར་གཞི་དེར་རྒྱབ་སྐྱོར་བྱས་ཡོད་ཀྱང་། ཧང་གྷ་རིས་དགག་བྱའི་དབང་ཚད་བེད་སྤྱོད་བྱས་ནས་བཀག་ཡོད་འདུག ཧང་གྷ་རིའི་སྲིད་བློན་ནི་ཨུ་རུ་སུའི་སྲིད་འཛིན་པུ་ཌིན་གྱི་མཐུན་གྲོགས་ཉེ་ཤོས་ཤིག་ཆགས་ཀྱི་ཡོད་འདུག་པ་དང་། ཕྱི་ཟླ་༢ ཚེས་༡ ཉིན་ཡུ་རོབ་རྒྱལ་ཁབ་ཁག་གི་དབུ་ཁྲིད་ཚོ་སླར་ཡང་འཛོམས་རྒྱུ་ལ་རེ་བ་བྱེད་བཞིན་ཡོད་འདུག།
གསར་འགོད་པ། བློ་བཟང་རྒྱ་མཚོ།