རང་ཉིད་ཀྱི་ཕྲུ་གུ་གསོད་མཁན་གུ་ཡངས་གཏོང་བའི་བོད་པའི་ཕ་མ་གཉིས་ཀྱི་འཕྲིན་ཡིག
ཨ་རི་ཀོ་ལོ་ར་ཌོ་མངའ་སྡེའི་ནང་བོད་པའི་བུ་ཕྲུག་ལོ་༢ ལས་མ་སོན་པ་ཞིག་ལ་རླངས་འཁོར་གྱིས་བརྡུང་ནས་ཕྲུ་གུ་དེའི་ཚེ་སྲོག་ཤོར་ཡོད་འདུག་ཀྱང་། ཕྲུ་གུའི་ཕ་མས་ཁ་ལོ་བ་དེ་གུ་ཡངས་གཏོང་བའི་ཡོངས་གྲགས་འཕྲིན་ཡིག་ཅིག་དབྱིན་ཡིག་ནང་སྤེལ་འདུག
ཨ་རིའི་(KDVR)ཞེས་པའི་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ཟླ་འདིའི་ཕྱི་ཚེས་༡༡ གི་དགོང་མོའི་ཆུ་ཚོད་༧ དང་སྐར་མ་༤༠ ཐོག་ཨ་རི་ཀོ་ལོ་ར་ཌོ་མངའ་སྡེའི་ཁོང་གཏོགས། ཨཱ་ཌ་སི་རྫོང་གི་སྲང་ལམ་ལི་ཕན་ཞེས་པའི་ས་གནས་(West 156th Avenue) སུ་བོད་པའི་བུ་ལོ་གཉིས་ལས་མ་སོན་པའི་བསྟན་འཛིན་མཆོག་འཛིན་ལ། རླངས་འཁོར་རྒྱུག་བཞིན་པ་ཞིག་ཁེལ་ནས་ཁོང་ཤི་ཡོད་འདུག
ཁ་ལོ་བ་དེ་ནི་ལོ་ན་༦༧ ལ་སོན་པའི་ཇོར་ཇི་ཁ་རིས་ཞེས་པ་ཡིན་ཞིང་།
ཁོས་དང་ཐོག་རླངས་འཁོར་ཕྲུ་གུར་རྡུང་སྐབས་མུ་མཐུད་དེ་རླངས་འཁོར་བསྐོར་ནས་ཕྱིན་ཡོད་འདུག་ཀྱང་། རྗེས་སུ་བརྒྱུད་ལམ་ཁག་ནས་གནས་ཚུལ་དེའི་སྐོར་ཉེན་རྟོག་པས་འཚོལ་ཞིབ་བྱེད་བཞིན་ཡོད་པ་མཐོང་དུས་ཉེན་རྟོག་པའི་སར་བཅར་ཏེ། ཁོས་དགོང་མོ་དེར་མོ་ཊ་བསྐོར་ནས་འགྲོ་བཞིན་པའི་སྐབས་སུ་དུད་འགྲོ་ཆུང་ཆུང་ཞིག་ལ་བརྡུང་པའི་ཚོར་བ་བྱུང་ཡང་། རྒྱང་ཐག་ཧྥི་ཊེ་༡༥༠ ཙམ་སླེབས་མཚམས་སུ་མོ་ཊ་ཁ་བཀག་ཡོད་ཀྱང་། གང་ཡང་མཐོང་མ་བྱུང་ཞེས་བརྗོད་ཡོད་འདུག
ཕ་མ་གཉིས་ཀྱིས་སྤེལ་བའི་ཡོངས་གྲགས་འཕྲིན་ཡིག་ནང་། “ཁ་སང་དགོང་མོ་རླངས་འཁོར་བརྡབ་སྐྱོན་གྱི་དོན་རྐྱེན་འོག་ཚེ་སྲོག་ཤོར་བའི་ང་ཚོའི་བརྩེ་བའི་བུ་བསྟན་འཛིན་མཆོག་འཛིན་གྱི་ཕ་གུས་དཀོན་མཆོག་བསྟན་འཛིན་དང་། ངའི་བཟའ་ཟླ་བཀྲ་ཤིས་སྒྲོལ་མ་གཉིས་ཀྱིས་ཚིག་ཁ་ཤས་བཤད་འདོད་བྱུང་།
ཆེས་བརྩེ་བ་ཆེ་ཞིང་གྲོགས་པོ་བཟང་ཤོས་སུ་གྱུར་པའི་རང་ཉིད་ཀྱི་བུ་ཆུང་ཤོས་མེད་པ་ཆགས་པ་ནི་བཟོད་མི་ཐུབ་པ་ཞིག་ཡིན་ཡང་། ང་ཚོས་དེ་ལས་སྙིང་རྗེ་ཉམས་ལེན་བྱ་རྒྱུའི་གོ་སྐབས་ཐོབ་ཁར་འཇིག་རྟེན་འདིར་གནས་སྐབས་ཙམ་ཞིག་ལས་གནས་རྒྱུ་མེད་པ་ཤེས་བྱུང་།
ནང་པ་སངས་རྒྱས་པའི་ཁྱིམ་ཚང་ཞིག་ཡིན་པའི་ཆ་ནས་གྱོང་གུད་ཆེན་པོ་འདིའི་འགན་འཁུར་ཡོད་སའི་མི་དེ་ང་ཚོས་གུ་ཡངས་གཏོང་རྒྱུ་ཡིན། ཁྱེད་རྣམས་ཀྱིས་ང་ཚོའི་བུ་ཆུང་གི་ཆེད་དུ་སྨོན་ལམ་གནང་རོགས། མཇུག་ཏུ་ཚང་མར་མོ་ཊ་གཏོང་དུས་ཡིད་གཟབ་བྱེད་རོགས་ཞེས་སྐུལ་མ་ཞུ་རྒྱུ་ཡིན། དཀོན་མཆོག་བསྟན་འཛིན་དང་བཀྲ་ཤིས་སྒྲོལ་མ་གཉིས་ཏེ་བུ་ཕྲུག་གི་ཕ་མ་གཉིས་ནས།” ཞེས་འཁོད་འདུག །
གསར་འགོད་པ་བཀྲ་ཤིས་དོན་གྲུབ།
