རིས་མེད་བགྲོ་གླེང་ཐེངས་དྲུག་པ་དེ་དགའ་ལྡན་རྣམ་པར་རྒྱལ་བའི་གླིང་དུ་འཚོགས་འདུག

བོད་མིའི་སྒྲིག་འཛུགས་ཀྱི་ཆོས་རིག་ལས་ཁུངས་དང་དགའ་ལྡན་ཤར་བྱང་སློབ་གཉེར་ལྷན་ཚོགས་བཅས་ཀྱི་གོ་སྒྲིག་འོག་རིས་མེད་བགྲོ་གླེང་ཐེངས་དྲུག་པ་དེ་རི་བོ་དགེ་ལྡན་པའི་གདན་ས་ཆེན་པོ་གསུམ་གྱི་ཡ་གྱལ་དགའ་ལྡན་རྣམ་པར་རྒྱལ་བའི་གླིང་དུ་འཚོགས་ཡོད་འདུག
དགའ་ལྡན་ནས་དགེ་བཤེས་གོ་བོ་བློ་ལྡན་ལགས་ཀྱིས་གནས་ཚུལ་མཁོ་སྤྲོད་གནང་གསལ།
ཟླ་འདིའི་ཚེས་༢༡ ནས་༢༤ བར་གྱི་རིས་མེད་བགྲོ་གླེང་ཆེན་མོ་དེ་ཁ་སང་དགའ་ལྡན་རྣམ་པར་རྒྱལ་བའི་གླིང་དུ་དབུ་འཛུགས་ཞུས་འདུག་པ་དང་། ཐེངས་འདིའི་སྐུ་མགྲོན་གཙོ་བོ་ཤར་པ་ཆོས་རྗེ་རིན་པོ་ཆེ་མཆོག་དང་ཤར་བྱང་གི་མཁན་རིན་པོ་ཆེ། ཆོས་རིག་དྲུང་ཆེ། དེ་བཞིན་མོན་གྷོར་རྟེན་གཞི་བྱས་པའི་ས་དགེ་བཀའ་རྙིང་གི་གྲྭ་ཚང་ཁག་གི་མཁན་རིན་པོ་ཆེ་དང་དབུ་འཛིན་དེ་བཞིན་ས་གནས་ཀྱི་འགོ་འཛིན་སོགས་ཕེབས་ཡོད་འདུག ཐོག་མར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་པར་མཐོང་གྲོལ་རིན་པོ་ཆེར་མཇལ་དར་ཕུལ་བ་དང་དེ་རྗེས་ཤར་པ་ཆོས་རྗེ་རིན་པོ་ཆེ་དང་ཤར་བྱང་གི་མཁན་རིན་པོ་ཆེ་རྣམ་པ་དང་དེ་བཞིན་ཆོས་རིག་དྲུང་ཆེ་བཅས་ནས་རིམ་གྱིས་སྣང་གསལ་མར་མེའི་ཞལ་ཁ་ཕྱེས་ཤིང་། དེ་ནས་དགེ་འདུན་པ་རྣམས་ཀྱིས་དཀོན་མཆོག་རྗེས་དྲན་གྱི་མདོ་འུར་འདོན་གནང་རྗེས་གསོལ་ཇ་འབྲས་སིལ་འདེགས་འབུལ་ཞུས།

ཤར་པ་ཆོས་རྗེ་རིན་པོ་ཆེས་སྦག་ས་ནས་ཕེབས་པའི་གནས་བརྟན་བགྲེས་སོང་རྣམས་ཀྱིས་སྐུ་ལས་བསྐྱོན་ཚུལ་དང་ཁོང་རྣམས་ཀྱི་བཀའ་དྲིན་དྲན་དགོས་སྐོར། དེ་བཞིན་སློབ་སྦྱོང་དང་བགྲོ་གླེང་གནང་ཕྱོགས་སོགས་ཀྱི་སྐོར་བཀའ་སློབ་བསྩལ། དེ་བཞིན་དགའ་ལྡན་ཤར་བྱང་མཁན་རིན་པོ་ཆེ་རྣམ་གཉིས་ཀྱིས་བགྲོ་གླེང་བ་རྣམས་ལ་ཕེབས་བསུའི་འཚམས་འདྲི་དང་དགའ་ལྡན་དགོན་པའི་ངོ་སྤྲོད་སོགས། མ་ཟད་བགྲོ་གླེང་གི་དགོས་དམིགས་དང་བགྲོ་གླེང་འཚོག་ཕྱོགས་སོགས་ལམ་སྟོན་གྱི་གསུང་བཤད་གནང་། གཞན་ཡང་ཆོས་རིག་ལས་ཁུངས་ཀྱི་དྲུང་ཆེ་ནས་ཀྱང་ལམ་སྟོན་གྱི་གསུང་བཤད་གནང་ཡོད་འདུག
བགྲོ་གླེང་འདི་ནི་༧གོང་ས་མཆོག་གི་བཀའ་དགོངས་གཞིར་བཟུང་གཞུང་ཆེན་སློབ་གཉེར་གོང་མཐོར་དང་། ཆོས་བརྒྱུད་ཕན་ཚུན་ལྟ་གྲུབ་གོ་རྟོགས་སྤེལ་རེས་བྱ་རྒྱུ། ཐུགས་མཐུན་ཁྲིམས་གཙང་ཡོང་རྒྱུར་བཅས་ལ་དམིགས་ནས་གཞུང་ཆེན་ཁག་གི་རིས་མེད་བགྲོ་གླེང་འདི་སྤེལ་ནས་ལོ་ཤས་ཕྱིན་ཡོད་འདུག་པ་བཞིན།
ད་ཐེངས་དགའ་ལྡན་ཤར་བྱང་གཉིས་ཀྱི་མཐུན་སྦྱོར་འོག་དབུ་བཙུགས་པའི་རིས་མེད་བགྲོ་གླེང་འདིའི་བརྗོད་བྱ་ནི་རྒྱ་གཞུང་དབུ་མ་འཇུག་པ་དང་བོན་གཞུང་དབུ་མ་བདེན་གཉིས་ཀྱི་སྐོར་དཔྱད་རྩོམ་སྒྲོག་སྦྱང་དང་བགྲོ་གླེང་གནང་རྒྱུ་ཡིན་པ་དང་། དབུ་འབྱེད་མཛད་སྒོ་དང་ཉིན་གཉིས་པ་བྱང་རྩེ་གྲྭ་ཚང་དུ་འཚོགས་ཡོད་པ་དང་། ཉིན་གསུམ་པ་དང་མཇུག་བསྡོམས་ཤར་རྩེ་གྲྭ་ཚང་དུ་འཚོག་རྒྱུ་ཡིན་འདུག

བགྲོ་གླེང་ཐེངས་དྲུག་པ་འདིའི་ཆེད་དུ་རྙིང་མའི་དགོན་ཁག་༡༢ ནས་མི་གྲངས་༢༢ ། བཀའ་བརྒྱུད་པའི་དགོན་ཁག་༡༧ ནས་མི་གྲངས་༣༢ ། ས་སྐྱ་པའི་དགོན་ཁག་༡༠ མི་གྲངས་༢༠། དགེ་ལུགས་པའི་དགོན་ཁག་༡༨ མི་གྲངས་༣༠ ། གཡུང་དྲུང་བོན་གྱི་དགོན་ཁག་༣ མི་གྲངས་༦། ཇོ་ནང་པའི་དགོན་ཁག་༢་མི་གྲངས་༤། རིས་མེད་ཀྱི་དགོན་ཁག་༢ མི་གྲངས་༤ བཅས་ཁྱོན་བསྡོམས་དགོན་ཁག་༦༤ དང་༡༡༨ བཅས་ཆོས་རིག་ལས་ཁུངས་ནས་མགྲོན་བརྡ་ཕུལ་ཡོད་པ་དང་དངོས་སུ་ཕྱོགས་མཐའ་ཁག་ནས་མཉམ་ཞུགས་གནང་མཁན་དགོན་ཁག་༤༡ དང་མི་གྲངས་༧༤ ། དེ་བཞིན་དགའ་ལྡན་ཤར་བྱང་གཉིས་ཀྱི་བཀའ་རབ་འབྱམས་པའི་དགེ་བའི་བཤེས་གཉེན་ཚང་མ་དང་འཛིན་གྲྭ་དབུ་མ་ཡན་གྱི་སློབ་གཉེར་བ་ལྔ་བརྒྱ་ལྷག་དང་ཕྱོགས་གཞན་ནས་ཕེབས་པ་བསྡོམས་ནས་དགེ་འདུན་པ་དྲུག་བརྒྱ་ལྷག་ཙམ་མཉམ་ཞུགས་གནང་ཡོད་འདུག
གསུང་བཤད་གནང་མཁན་དེ་ཡང་ཆོས་བརྒྱུད་རེ་ནས་དགེ་འདུན་པ་གཉིས་རེ་དང་བཙུན་མ་རེ་བཅས་གདན་འདྲེན་ཞུས་ཡོད་འདུག་ཀྱང་ས་སྐྱ་དང་བཀའ་བརྒྱུད་པའི་བཙུན་མ་མཉམ་ཞུགས་གནང་ཐུབ་མི་འདུག
གསར་འགོད་པ་བསྟན་འཛིན་ལམ་བཟང་།
