རོལ་དབྱངས་ཡོད་པའི་༧གོང་ས་མཆོག་གི་སྒྲ་ཐག་གཅིག་དབུ་འབྱེད་གནང་འཆར།

འདི་ལོའི་ཟླ་༧ པའི་ཚེས་༦ སྟེ་༧གོང་ས་མཆོག་གི་འཁྲུངས་སྐར་ཉིན། ༧གོང་ས་མཆོག་གི་བཀའ་སློབ་དང་དེ་བཞིན་ཁོང་གིས་གསུངས་པའི་གཟུངས་སྔགས་མཉམ་དུ་རོལ་དབྱངས་མཉམ་སྦྱར་བྱས་པའི་སྒྲ་ཐག་ནང་སེམས་ཞེས་པ་ཞིག་དབུ་འབྱེད་གནང་འཆར་འདུག 

དེ་ཡང་ཟླ་༦ པའི་ཚེས་༩ ཉིན་སྒྲ་ཐག་དེའི་ནང་གི་སྙིང་རྗེའི་ལེ་ཚན་དེ་དྲ་ཐོག་ཏུ་དབུ་འབྱེད་གནང་ཟིན་འདུག་པ་དང་། ཡུ་ཊོབ་སོགས་ཀྱི་ཐོག་ཏུ་ཉན་རྒྱུ་འདུག སྒྲ་ཐག་དེའི་ནང་ལེ་ཚན་༡༡ ཡོད་འདུག་པ་དང་། དེ་དག་ནི་༧གོང་ས་མཆོག་གིས་རྩ་ཆེན་གཟུངས་སྔགས་གསུངས་པ་དང་། དེ་བཞིན་བཀའ་སློབ་གནང་བ་བཅས་ལ་རོལ་དབྱངས་མཉམ་སྤྱར་བྱས་ཡོད་པའི་སྒྲ་ཐག་ཡིན་འདུག རོལ་དབྱངས་རྣམས་བཟོ་སྐྲུན་སྐབས་སུ་རོལ་ཆ་འདྲ་མིན་༣༠ ལས་མང་བ་དཀྲོལ་ཡོད་འདུག 

སྒྲ་ཐག་དེ་༧གོང་ས་མཆོག་དང་ལྷན་དུ་བཟོ་སྐྲུན་བྱེད་མཁན་ནིའུ་ཛི་ལན་ཌ་མི་སེར་ལྕམ་(Junelle Kunin) ཡིན་འདུག་པ་དང་། དེ་ཡང་བརྒྱུད་ལམ་ཁག་ཅིག་ཏུ་གནས་ཚུལ་སྤེལ་བར་གཞིགས་ན། ཁོང་དངུལ་ཁང་དུ་ལས་ཀ་བྱེད་སྐབས་སེམས་ངལ་བྱུང་ཡོད་འདུག་པ་དང་། སྐབས་དེར་སེམས་ལྷོད་ལྷོད་ཆགས་ནས་ལས་ཀར་དོ་སྣང་སླེབས་ཐུབ་ཆེད་དུ། དྲ་ཐོག་ཏུ་༧གོང་ས་མཆོག་གི་བཀའ་སློབ་དང་རོལ་དབྱངས་ཆ་སྒྲིག་བྱས་པ་ཉན་རྒྱུ་ཡོད་མེད་འཚོལ་ཞིབ་བྱས་ཀྱང་། དེ་འདྲ་གཅིག་ཀྱང་རྙེད་སོན་མ་བྱུང་བས་དགོས་མཁོ་ཆེ་བའི་སྒྲ་ཐག་འདི་བཟོ་སྐྲུན་བྱེད་རྒྱུའི་བསམ་བློ་སླེབས་ཡོད་འདུག འོན་ཀྱང་སྐབས་དེར་དགའ་ལྡན་ཕོ་བྲང་གིས་བསམ་ཚུལ་དེར་མོས་མཐུན་བྱས་མེད་པ་དང་། རྗེས་སུ་ལྕམ་ཁོང་རྒྱ་གར་དུ་སླེབས་ནས་༧གོང་ས་མཆོག་དང་མཇལ་རྒྱུའི་གོ་སྐབས་ཐོབ་རྗེས། ༧གོང་ས་མཆོག་གི་ཉེ་འཁོར་ཕྱག་རོགས་མི་སྣ་(Assistant) ཞིག་ལ་ཡི་གེ་ཞིག་སྤྲད་འདུག སྒྲ་ཐག་དེ་བཟོ་སྐྲུན་ཆེད་དུ་ལྕམ་ཁོང་དང་ཁོང་གི་ཁྱོ་ག་གཉིས་ནས་ལོ་༥ ཡི་རིང་ལས་ཀ་བྱས་ཡོད་འདུག 

༧གོང་ས་མཆོག་ནས་བདེ་སྐྱིད་ཀྱི་རྩ་བ་ནི་བྱམས་སྙིང་རྗེ་ཡིན་པའི་བརྡ་ལན་དེ་མི་ཧ་ཅང་མང་པོར་སྤྲོད་པའི་ནུས་པ་དེ་རོལ་དབྱངས་ལ་ཡོད་པ་དང་། ཁོང་གི་མི་ཚེའི་འདུན་པ་དེ་གཞན་ལ་ཕན་པ་ག་ཚོད་སྒྲུབ་ཐུབ་པ་སྒྲུབ་རྒྱུ་དེ་ཡིན་སྐོར་གསུངས་འདུག 

ལྕམ་(Kunin) ཡིས་ལས་འཆར་དེའི་དམིགས་ཡུལ་གཙོ་བོ་ནི་མི་གཞན་ལ་ཕན་པ་སྒྲུབ་ཆེད་ཡིན་པ་དང་། དེ་ནི་ནང་པའི་ལས་འཆར་ཞིག་མིན་པར། སྒྲ་ཐག་དེའི་ནང་དུ་ཡོད་པའི་༧གོང་ས་མཆོག་གི་བཀའ་སློབ་རྣམས་ད་ལྟའི་དུས་སྐབས་འདིའི་སྤྱི་ཚོགས་དང་ཁོར་ཡུག འགྲོ་བ་མིའི་དགོས་མཁོ་ལ་ཤིན་ཏུ་གལ་ཆེན་པོ་ཆགས་ཡོད་སྐོར་བརྗོད་འདུག 

སྒྲ་ཐག་དེ་ལས་འབྱུང་བའི་དངུལ་རྣམས་སེམས་དང་སྲོག་གི་བསྟི་གནས་ཁང་དང་། སྤྱི་ཚོགས། སེམས་མྱོང་། བཟང་སྤྱོད་བཅས་ཀྱི་ཤེས་ཡོན་སློབ་གསོའི་བསླབ་གཞི་(SEE) ལ་མཐུན་སྦྱོར་གནང་རྒྱུ་ཡིན་འདུག །

གསར་འགོད་པ་སྐལ་བཟང་དོན་གྲུབ།