རྒན་རྒོན་༡༥ དུས་དབང་ལ་ཕེབས་ཆེད་འགྲོ་སོང་གཏོང་འཆར།
ལ་དྭགས་བོད་མིའི་རྒན་གསོ་ཁང་ནས་རྒན་རྒོན་༡༥ དང་དྭང་བླངས་རོགས་པ་བྱེད་མཁན་༥ བཅས་ཕྱི་ལོ་༢༠༡༧ ལོའི་རྒྱ་གར་རྡོ་རྗེ་གདན་དུ་ཚོགས་རྒྱུ་ཡིན་པའི་དུས་འཁོར་དབང་ཆེན་ལ་འཁྲིད་རྒྱུའི་འགྲོ་སོ་ཆེད་དུ། ཉིན་༢ རིང་ལ་དྭགས་སུ་རོལ་དབྱངས་འདུ་འཛོམས་བྱས་ཡོད་པ་རེད།
དེ་ནི་ལ་དྭགས་སུ་ཡོད་པའི་ལྷག་བསམ་བརྙན་འཕྲིན་ཚོགས་པའི་འགན་འཛིན་སྐལ་བཟང་གིས་གོ་སྒྲིག་བྱས་ཡོད་པ་དང་། རོལ་དབྱངས་འདུ་འཛོམས་དེར་རྒྱ་གར་གྱི་གཞས་པ་པེེར་ཤན་རྟ་མང་དང་། ཕྱི་ལོ་༢༠༡༥ དང་༢༠༡༦ ལོའི་བོད་ཀྱི་མཛངས་མ་པདྨ་ཆོས་སྒྲོན་དང་བསྟན་འཛིན་སང་ཉི། དེ་བཞིན་དྷ་སར་གནས་སྡོད་ཁྲབ་སྟོན་པ་བསྟན་འཛིན་མ་རཱི་ཀོ། ལྡི་ལིར་གནས་སྡོད་བཀྲ་ཤིས་སྟོབས་ལྡན་བཅས་ཀྱིས་རིན་མེད་ཐོག་ཁྲབ་སྟོན་བྱས་འདུག
གོ་སྒྲིག་དྭང་བླངས་པ་བསྟན་འཛིན་ཆོས་དར་རྒྱལ་པོར་འབྲེལ་བ་བྱས་པར། ཁོང་གིས་དུས་དབང་ལ་འཁྲིད་པའི་ལས་འཆར་དེའི་ཆེད་དངུལ་འདང་ངེས་ཤིག་རག་མི་འདུག་ཀྱང་། གོ་སྒྲིག་པ་སྐལ་བཟང་གིས་རང་ཉིད་ཀྱི་ནང་མི་སྤུན་མཆེད་བརྒྱུད་དངུལ་རག་ཐབས་བྱེད་རྒྱུ་ཡིན་པ་དང་། དེ་བཞིན་ལ་དྭགས་ཀྱི་ཕྱི་ལ་འགྲོ་མྱོང་མེད་པའི་རྒན་རྒོན་ཁ་ཤས་ཡོད་འདུག་པས། ཐེངས་འདིར་རྒན་རྒོན་རྣམས་དུས་དབང་ཞུ་རྒྱུ་དང་གནས་སྐོར་ཆེད་འཁྲིད་འཆར་ཡོད་པ་རེད་འདུག
ད་ལྟའི་ཆར་བོད་མིའི་གཞས་སྒར་གཞན་ལ་ལས་འཆར་དེའི་རིགས་ཆེད་དུ་རོལ་དབྱངས་འདུ་འཛོམས་དེ་ཚོགས་འཆར་ཡོད་མེད་དྲིས་པར།ད་ལྟའི་ཆར་འཆར་གཞི་དེ་འདྲ་མེད་སྐོར་བརྗོད་བྱུང་།
གོ་སྒྲིག་པ་གཙོ་བོ་སྐལ་བཟང་ནི་༧གོང་ས་མཆོག་དང་དེ་བཞིན་༧རྒྱལ་དབང་ཀརྨ་པ་ཡི་སྐུ་སྲུང་བ་བྱེད་མྱོང་ཡོད་འདུག་པ་དང་། ལ་དྭགས་བོད་མིའི་གཞིས་སྒར་ནས་ཡིན་འདུག །
གསར་འགོད་པ་སྐལ་བཟང་དོན་གྲུབ།