རྒྱ་གར་ཨ་སམ་མངའ་སྡེའི་ནང་རང་བཙན་རྩོད་ཀྱི་ཡོད་པ་རེད།
ཟླ་འདིའི་ཚེས་༢༣ ཉིན་ཀ་ལི་ཀ་ཏ་ནས་བྷི་བྷི་སིའི་གསར་འགོད་པས་གནས་ཚུལ་སྤེལ་བ་ལྟར་ན། རྒྱ་གར་བྱང་ཤར་ཁུལ་གྱི་ཨ་སམ་མངའ་སྡེའི་ནང་རྒྱ་གར་དང་ཁ་བྲལ་ནས་རང་བཙན་རྩོད་མཁན་མང་པོ་ཡོད་པ་དང། དེ་ཡང་ཕྱི་ལོ་༡༩༧༩ ནས་ཨ་སམ་བཅིང་གྲོལ་ཆིག་སྒྲིལ་འཐབ་རྒོལ་ཚོགས་པས། ཡུལ་དེའི་ན་གཞོན་སྟོང་ཕྲག་མང་པོ་བསྡུ་རུབ་ཀྱིས་རང་བཙན་རྩོད་ཀྱི་ཡོད་པར། རྒྱ་གར་གཞུང་ཕྱོགས་ནས་དེ་དག་ལ་ངོ་རྒོལ་ཚོགས་པ་དང་ཁ་བྲལ་བ་ཞེས་འབོད་ཀྱི་ཡོད་ཅིང། གཞུང་གིས་ངོ་རྒོལ་བའི་གཏེ་དཔོན་མང་པོ་འཛིན་བཟུང་བྱས་ཡོད་པ་རྣམས་གློད་གྲོལ་བཏང་སྟེ། ཞི་མོལ་ཡོང་ཐབས་སུ་ལས་དོན་སྣ་མང་སྤེལ་གྱི་ཡོད་ཀྱང་ད་དུང་ཡང་ངོ་རྒོལ་བའི་འཐབ་རྩོད་བྱེད་བཞིན་ཡོད་པ་རེད།
ཨ་སམ་རང་བཙན་རྩོད་མཁན་གྱི་འགོ་དཔོན་པཱ་རི་ཤི་བྷ་རུའུ་ཞེས་པའི་བུ། བྷང་ལ་ཌི་ཤི་ནང་བཙན་ཁྲིད་བྱས་ཡོད་པས། འགོ་དཔོན་པཱ་རི་ཤི་བྷ་རུའུ་ཡིས་ངའི་བུ་དེ་ལྟར་བཙན་ཁྲིད་བྱེད་དོན་ནི། ཨ་སམ་རང་བཙན་འཐབ་རྩོད་པ་དང་རྒྱ་གར་གཞུང་གཉིས་དབར་ཞི་མོལ་ཡོང་ཆེད་དུ་རེད་ཅེས་བརྗོད་ཡོད་རུང། རྒྱ་གར་གསང་བའི་ལས་ཁུངས་ཀྱིས་སྐྱོན་བརྗོད་དེ་ངོས་ལེན་བྱས་མེད་པ་རེད། ལོ་བཅུ་ཕྲག་གཉིས་ལྷག་ཙམ་གྱི་རིང་ལ། ཨ་སམ་ལ་རང་བཙན་ཐོབ་ཆེད་དུ་འཇབ་རྒོལ་དམག་དཔུང་གིས་དྲག་པོའི་ལས་འགུལ་སྣ་ཚོགས་སྤེལ་བཞིན་ཡོད་པ་དང། ད་ལྟ་རྒྱ་གར་གཞུང་གིས་འཛིན་བཟུང་བྱས་པའི་འཇབ་རྒོལ་དམག་དཔུང་གི་གཏེ་དཔོན་མང་པོ་གློད་གྲོལ་བཏང་ཡོད་པས། དེང་སྐབས་བཙོན་གྲོལ་ཐོབ་མཁན་ཚོས་རྒྱ་གར་གཞུང་དང་ཞི་མོལ་བྱེད་འདོད་ཆེན་པོ་ཡོད་ནའང། ཨ་སམ་རང་བཙན་རྩོད་མཁན་གྱི་འགོ་དཔོན་པཱ་རི་ཤི་བྷ་རུའུ་ཡིས་ད་དུང་ཡང་ཁས་ལེན་བྱས་མེད་པ་རེད།
འགོ་དཔོན་པཱ་རི་ཤི་བྷ་རུའུ་ཡིས། “ཨ་སམ་ལ་རང་བཙན་མ་ཐོབ་ན་རྒྱ་གར་གཞུང་དང་ལྷན་དུ་གྲོས་མོལ་དང་ཞི་མོལ་ཟེར་བ་ཡོང་ཐབས་མེད་”ཅེས་བརྗོད་ཡོད་རུང། སྔོན་དུས་ཨ་སམ་རང་བཙན་འཐབ་རྩོད་མང་པོས་གྲོས་མོལ་ལ་འདོད་པ་ཆེན་པོ་བྱེད་ཀྱི་ཡོད་པས། ལོ་སྔོན་མ་བྷང་ལ་ཌི་ཤིའི་ནང་འཛིན་བཟུང་བྱས་པའི་རང་བཙན་འཐབ་རྩོད་པའི་འགོ་དཔོན་ཨ་རཱ་བྷན་ཌཱ་ཟེར་བ་རྒྱ་གར་གཞུང་ལ་རྩིས་སྤྲོད་བྱས་ཡོད་པས། རྒྱ་གར་གཞུང་ཕྱོགས་ནས་ཁོང་གློད་གྲོལ་གཏོང་ལ་ཉེ་བ་དང། གློད་གྲོལ་གཏོང་དོན་ཡང་གང་མགྱོགས་ཨ་སམ་ཁ་བྲལ་རྩོད་མཁན་དང་རྒྱ་གར་གཞུང་གཉིས་དབར་གྲོས་མོལ་ཡོང་ཆེད་དུ་ཡིན་ཞེས་བརྗོད་ཡོད་པ་རེད།