རྒྱ་གཞུང་གི་སུན་གཙེར་ལ་མ་བཟོད་པར་གྲྭ་ཤེར་བཟང་རྒྱ་མཚོས་རང་སྲོག་བློས་གཏོང་དགོས་བྱུང་འདུག

ཉེ་སྔོན་༧གོང་ས་མཆོག་གི་༧སྐུའི་འཁྲུངས་སྐར་གྱི་སྐབས་དང་དེའི་སྔོན་དུ། རྒྱ་གཞུང་གིས་བོད་ས་ཡོངས་ལ་དམ་དྲག་ཆེན་པོ་བྱས་ཡོད་པ་བཞིན། མདོ་སྨད་གཙང་དགོན་པའི་ལོ་ན་བཅོ་བརྒྱད་མན་གྱི་དགེ་འདུན་པ་ཡོངས་དགོན་པ་ནས་ཕྱིར་ཕུད་བཏང་ཞིང་། དགོན་པའི་གྲྭ་བ་ཡོངས་དང་མགོ་འཁྲིད་གྲྭ་ཤེར་བཟང་རྒྱ་མཚོ་ལགས་སུ་བཟོད་དཀའ་བའི་སུན་གཙེར་བྱས་སྟབས། རྒྱ་གཞུང་ལ་ངོ་རྒོལ་གྱིས་རང་སྲོག་བློས་བཏང་ཡོད་འདུག

ཟླ་འདིའི་ཕྱི་ཚེས་༢༢ ཉིན་བོད་ཀྱི་དུས་བབ་གསར་ཁང་གིས་གནས་ཚུལ་བཀོད་གསལ།  འདི་ལོའི་༸གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་༸སྐུའི་འཁྲུངས་སྐར་མ་བསླེབས་པའི་ཉིན་འགའི་སྔོན་ནས། རྒྱ་གཞུང་གི་ཉེན་རྟོག་པས་གཙང་དགོན་པར་དམ་དྲག་ཤུགས་ཆེན་བྱས་ཏེ་གྲྭ་ཤག་རེ་རེ་བཞིན་སྔོག་བཤེར་བྱེད་སྐབས། གྲྭ་པ་ཁག་ཅིག་གི་ཤག་ནས་༸གོང་ས་མཆོག་གི་སྐུ་པར་ཉེན་རྟོག་པའི་ལག་ཏུ་ཚུད་ཡོད་འདུག་པས། ཉེན་རྟོག་པས་དགོན་པའི་དགེ་འདུན་པ་ཡོངས་རྫོགས་དགོན་པར་བཀའ་འགུག་བྱས་ནས་དགོན་པར་བཀག་སྐྱིལ་ལྟ་བུ་བྱས་ཏེ་དགེ་འདུན་པ་རྣམས་ཀྱི་འགྲོ་འདུག་གི་རང་དབང་ལ་བཀག་སྡོམ་ཤུགས་ཆེར་བྱས་པ་དང་། ལོ་བཅོ་བརྒྱད་འོག་གི་གྲྭ་གཞོན་ཡོངས་རྫོགས་དགོན་པ་ནས་ཕྱིར་ཕུད་བཏང་ཡོད་པར་བརྗོད་འདུག དེ་བཞིན་༸གོང་ས་མཆོག་གི་འཁྲུངས་སྐར་རྗེས་སུ་སྟེ། ཕྱི་ཟླ་ ༧ ཚེས་ ༢༠ ཉིན་ནས་བསྐྱར་དུ་དགོན་པའི་གྲྭ་ཤག་ཁག་ཏུ་ཉིན་རེ་བཞིན་སྔོག་བཤེར་ཐེངས་མང་བྱས་པ་དང་། དགེ་འདུན་པ་རྣམས་ལ་ཉིན་ལྟར་ཆབ་སྲིད་ཚོགས་འདུ་བསྐོངས་ནས་དགོན་པའི་ནམ་རྒྱུན་གྱི་ཆོས་ཕྱོགས་ཀྱི་མཛད་རིམ་མཐའ་དག་རྩིས་མེད་སྣང་ཆུང་དང་ཁྱད་གསོད་ཀྱིས་དགེ་འདུན་པར་མནར་གཅོད་དང་ཁོང་ཁྲོ་སློང་ཐབས་བྱས་ཡོད་པར་བརྗོད་འདུག གཞན་ཡང་༸གོང་ས་མཆོག་གི་འཁྲུངས་སྐར་གྱི་སྐབས་དེར། དགོན་པའི་ལྷ་སྡེའི་འབྲོག་སྡེ་ཁག་ཏུ་གནའ་སྔ་མོ་ནས་ཞབས་རིམ་འཚོགས་སྲོལ་ཡོད་པ་དག་འཚོགས་མ་བཅུག་པར། མི་མང་གི་ཆོས་དད་རང་དབང་དང་སྲོལ་རྒྱུན་གོམས་སྲོལ་སོགས་ལ་རྩིས་མེད་རྡོག་རོལ་བཏང་བ་དང་།  དགོན་པའི་གྲྭ་པ་ཡོངས་ཀྱི་འགྲོ་འདུག་གི་རང་དབང་སོགས་ལ་དམ་དྲག་བྱས་དང་བྱེད་མུས་ཡིན་པར་བརྗོད་པ་དང་།

དེ་ལྟར་དགེ་འདུན་པ་ཡོངས་དང་ལྷག་པར་དུ་དགོན་པའི་མགོ་ཁྲིད་ཁག་ལ་བཟོད་དཀའ་བའི་གནོན་ཤུགས་སྤྲད་པར་བརྟེན། ཕྱི་ཟླ་ ༨ ཚེས་ ༡༨ ཉིན་གྱི་ཕྱི་དྲོ་ཙམ་ལ་དགོན་པའི་དོ་དམ་ལྷན་ཁང་གི་མགོ་ཁྲིད་གཙོ་བོ་ད་ལྟ་དགུང་ལོ་༥༢ ཡིན་པའི་གྲྭ་ཤེར་བཟང་རྒྱ་མཚོ་ལགས་ཀྱིས་དགོན་པའི་ཚོང་ཁང་གི་ཐོག་ཁང་ནས་རྒྱ་ནག་གི་སུན་གཙེར་དང་གཉའ་གནོན། ཐུབ་ཚོད་སོགས་ལ་ངོ་རྒོལ་གྱིས་རང་སྲོག་བློས་བཏང་ཡོད་པར་བརྗོད་འདུག ད་ཆར་སྡེ་དགོན་གཉིས་ཀར་དམ་དྲག་ཤུགས་ཆེར་བྱེད་བཞིན་ཡོད་འདུག་པས་གནས་ཚུལ་དང་པར་རིས་གསར་པ་རག་ཁག་པོ་ཡིན་འདུག 

གསར་འགོད་པ། བསྟན་འཛིན་ལམ་བཟང་།