རྒྱ་གཞུང་གིས་ཁམས་སྡེ་དགེའི་བོད་མི་གནས་སྤོའི་བཙན་བཀའ་ཕྱིར་འཐེན་དགོས་པའི་ངོ་རྒོལ་སྤེལ།
རྒྱ་ནག་གཞུང་གིས་ཆུ་མཛོད་གསར་རྒྱག་བྱེད་རྒྱུ་ཡིན་པར་བརྗོད་ནས་ཁམས་སྡེ་དགེ་ཕྱོགས་ཀྱི་ས་གནས་བོད་མི་མང་པོ་ཡུལ་གཞན་ལ་གནས་སྤོ་དགོས་པའི་བཙན་བཀའ་ཕབ་པར་བརྟེན། ཟླ་འདིའི་ཚེས་༡༤ ་ནས་བཟུང་། ཁམས་སྡེ་དགེའི་མངའ་ཁུལ་འབྲི་ཆུའི་བཞུར་རྒྱུད་དབོན་པོ་སྟོད་ཁུལ་དུ་ཆགས་པའི་དབོན་སྟོད་དགོན་དང༌། ལྷ་འབྲོང་དགོན་པ། ཡེ་ན་དགོན་པ། དགོན་གསར་དགོན་པ། རབ་བརྟན་དགོན་པ་སོགས་དགོན་ཁག་དྲུག་དང༌། མི་དམངས་ཕོན་ཆེན་གྱིས་རྒྱ་གཞུང་ལ་ཞུ་འབོད་རིམ་པ་བྱས་ཀྱང་། རྒྱ་གཞུང་གིས་དང་ལེན་བྱ་རྒྱུ་ལས་ལྡོག་སྟེ་བཙན་ཤེད་ཀྱིས་མི་མང་ལ་ཚད་ལས་བརྒལ་བའི་རྡུང་རྡེག་བཏང་བ་མ་ཟད་བོད་མི་༡༠༠༠ ་ལྷག་འཛིན་བཟུང་བྱས་ཡོད་སྐད་འདུག་སྟབས། འཛམ་གླིང་ས་ཕྱོགས་གང་སར་བཞུགས་པའི་བོད་མི་མང་པོས་རྒྱ་གཞུང་ལ་ངོ་རྒོལ་གྱི་ལས་འགུལ་སྣ་ཚོགས་ཤིག་སྤེལ་འདུག

ཟླ་འདིའི་ཚེས་༢༣ ་ཉིན་མདོ་ཁམས་ཆུ་བཞི་སྒང་དྲུག་དབུས་སྤྱི་ཁྱབ་རྒྱུན་ལས་ཁང་གིས་རྒྱ་གཞུང་གིས་ད་ལན་འཛུགས་སྐྲུན་ལ་ཁ་གཡར་ཏེ་དངོས་སུ་བོད་མིའི་མགོ་ཐོག་ཏུ་གདུག་རྩུབ་ཀྱི་སྲིད་བྱུས་ལག་བསྟར་བགྱིས་ཏེ། ལོ་རྒྱུས་ཡུན་རིང་ལྡན་པའི་བོད་ཀྱི་དགོན་སྡེ་དང༌། གནའ་ཤུལ་རིག་གནས། མི་སེར་ཁྲི་ཕྲག་མང་པོར་ལྟོས་མེད་ཀྱིས་སྨྱོ་ཧམ་ཆེ་བའི་བྱ་སྤྱོད་དེས། མིའི་རིགས་ཀྱི་དཔལ་ཡོན་གཏོར་བཤིག་དང༌། འཁོར་ཡུག་གཏོར་བརླགས། རི་སྐྱེས་སྲོག་ཆགས་རྩ་སྟོངས། བོད་མི་རིགས་རྩ་མེད་བཟོ་རྒྱུའི་ངན་སེམས་ཁོ་ན་ཡིན་པར་བརྟེན། ངེས་པར་དུ་ཕྱིར་འཐེན་དགོས་པའི་འབོད་སྒྲ་སྒྲོག་རྒྱུ་ལས། ང་ཚོས་འདི་ནས་གདུང་སེམས་མཚོན་ཐབས་ཙམ་བྱས་ཏེ་མཚམས་འཇོག་ནམ་ཡང་བྱ་རྒྱུ་མིན་ཞེས་ངོ་རྒོལ་བསྒྲགས་གཏམ་ཞིག་སྤེལ་འདུག
ཟླ་འདིའི་ཚེས་༢༤ ་ཉིན་ཨར་བོད་ལྷན་ཚོགས་དང་ནིའུ་ཡོག་དང་ནིའུ་འཇར་སི་བོད་རྒྱལ་ཡོངས་རང་བཙན་ལྷན་ཚོགས། ས་གནས་མདོ་ཁམས་ཆུ་བཞི་སྒང་དྲུག་དང་ས་གནས་བོད་ཀྱི་བུད་མེད་ལྷན་ཚོགས། བོད་རང་བཙན་སློབ་ཕྲུག་ཚོགས་པ་བཅས་ཀྱིས་ཨ་རི་ཝ་ཤིན་ཊོན (Washington Square Park) ་དུ་རྒྱ་གཞུང་གིས་བཙན་ཤེད་ཀྱིས་ཆུ་ཤུགས་གློག་ཁང་གསར་རྒྱག་གི་ལས་གཞིིའི་ཆེད་བོད་མིའི་གྲོང་སྡེ་དང་དགོན་པ་ཁག་གནས་སྤོ་མཚམས་འཇོག་དགོས་པའི་ངོ་རྒོལ་སྐད་འབོད་དང་། གཞིས་ལུས་སྡེ་དགེ་བ་ཚོ་དང་གདུང་སེམས་མཉམ་བསྐྱེད་ཀྱི་མར་མེའི་ཁྲོམ་སྐོར་གྱི་ལས་འགུལ་ཞིག་སྤེལ་འདུག

དེ་བཞིན་ཟླ་འདིའི་ཚེས་༢༥ ཉིན་ཁེ་ན་ཌ་ས་གནས་མདོ་ཁམས་ཆུ་བཞི་སྒང་དྲུག་དང་ཀེ་ན་ཌ་ཨོན་ཊེ་རི་ཡོ་བོད་རིགས་སྤྱི་མཐུན་ཚོགས་པ། ས་གནས་བོད་རང་བཙན་སློབ་ཕྲུག་ཚོགས་པ། ས་གནས་བོད་ཀྱི་བུད་མེད་ལྷན་ཚོགས་དང་ས་གནས་གཞོན་ནུ་ལྷན་ཚོགས་བཅས་ཚོགས་པ་ལྔས་ཊོ་རོན་ཊོ་ལ་ཡོད་པའི་རྒྱ་ནག་གི་གཞུང་ཚབ་ཀྱི་མདུན་དུ་རྒྱ་ནག་གཞུང་གིས་བཙན་ཤེད་ཀྱིས་གྲོང་སྡེ་དང་དགོན་པ་གནས་སྤོ་མཚམས་འཇོག་དགོས་པའི་ངོ་རྒོལ་གྱི་ལས་འགུལ་གཞི་རྒྱ་ཆེ་བ་ཞིག་སྤེལ་འདུག
ལྷག་པར་དུ་ཨ་རིའི་གཞུང་གི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་ལྕམ་སྐུ་ཨ་ཛི་རཱ་ཛེ་ཡ་ (Uzra Zeya ) མཆོག་གིས་རྒྱ་གཞུང་གིས་ཆུ་ཤུགས་གློག་ཁང་གསར་རྒྱག་ལ་ངོ་རྒོལ་བྱེད་མཁན་བོད་མི་ཚོ་སྡེབས་འཛིན་བྱས་པ་ལ་སེམས་འཚབ་ཡོད་པ་དང་། རྒྱ་གཞུང་གིས་འགྲོ་བ་མིའི་ཐོབ་ཐང་དང་སྨྲ་བརྗོད་རང་དབང་ལ་གུས་བརྩི་ངེས་པར་དུ་བྱེད་དགོས་ཞེས་དང་། ལོ་བརྒྱ་ཕྲག་ཁ་ཤས་ཀྱི་ལོ་རྒྱུས་ལྡན་པའི་དགོན་པ་དེ་དག་ནི་བོད་བརྒྱུད་ནང་བསྟན་གྱི་གྲྭ་བཙུན་བརྒྱ་ཕྲག་མང་པོའི་གདན་ས་ཡིན་པ་མ་ཟད། གཞན་གྱིས་ཚབ་བྱེད་ཐབས་བྲལ་བའི་རིག་གནས་རྗེས་ཤུལ་ཡོད་པ། བོད་མི་ཚོས་བོད་ཀྱི་ཐུན་མོང་མ་ཡིན་པའི་ཆོས་དང་རིག་གཞུང་། སྐད་ཡིག་སྲུང་སྐྱོབ་བྱས་པར་ཨ་རི་མཉམ་དུ་ཡོད་ཅེས་བྲིས་ནས་(X)་དྲ་ཐོག་ཏུ་བཞག་འདུག

ཟླ་འདིའི་ཚེས་༢༥ ཉིན་བོད་མིའི་སྒྲིག་འཛུགས་ཀྱི་དྲ་རྒྱའི་ཐོག་གནས་ཚུལ་སྤེལ་གསལ་ལྟར་ན། སྦེལ་ཇམ་གྱི་རྒྱལ་ས་སྦར་སིལ་དུ་ཚོགས་བཞིན་པའི་རྒྱལ་སྤྱིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་ཆེན་ཐེངས་དགུ་པའི་ཚོགས་བཅར་བ་རྣམས་ནས་ཆུ་མཛོད་ཞི་རྒོལ་བ་༡༠༠༠ འཕྲད་དུ་གློད་བཀྲོལ་དགོས་པའི་གསར་འགོད་གསལ་བསྒྲགས་ཤིག་སྤེལ་འདུག
གཞན་ཡང་སུད་སི་ས་གནས་སྡེ་དགེ་ཚོགས་པས་ཛ་དྲག་གི་གསལ་བསྒྲགས་སྤེལ་བ་ལྟར་ན། ཟླ་འདིའི་ཚེས་༢༥ ་ཉིན་ས་གནས་སུ་ཡོད་པའི་རི་ཀོན་ཆོས་འཁོར་དགོན་དུ་རྒྱ་ནག་དམར་པོའི་གདུག་རྩུབ་བཙན་དབང་མྱུར་དུ་ཞི་བ་དང་། བོད་མི་གཞིས་བྱེས་ལྷན་འཛོམས་ཡོང་བ་སོགས་ལ་དམིགས་ཏེ་མཆོད་འབུལ་སྨོན་ལམ་འཚོགས་རྒྱུ་རེད་འདུག །
གསར་འགོད་པ། བློ་བཟང་རྒྱ་མཚོ།
