རྒྱ་གཞུང་གིས་དབྱིན་ཡུལ་སློབ་ཆེན་ཁག་གི་སློབ་ཕྲུག་ཚོས་སོ་སོའི་སློབ་གྲོགས་ལ་སོ་ཉུལ་བྱེད་དགོས་པའི་གནོན་ཤུགས་སྤྲད།
ཚོར་བ་རྣོ་བའི་གནད་དོན་ཁག་གི་སྐོར་ལ་གྲོས་བསྡུར་བྱེད་པ་བཀའ་འགོག་བྱེད་རྒྱུའི་ཆེད། རྒྱ་གཞུང་གིས་དབྱིན་ཡུལ་གྱི་གཙུག་ལག་སློབ་གཉེར་ཁང་ཁག་ཏུ་ཡོད་པའི་རྒྱ་རིགས་ཀྱི་སློབ་མ་ཚོ་ལ་རང་གི་སློབ་གྲོགས་ལ་སོ་ཉུལ་བྱེད་དགོས་པའི་གནོན་ཤུགས་སྤྲད་པའི་སྙན་ཐོ་བཏོན་འདུག

ཟླ་འདིའི་ཚེས་༤ ཉིན། བྷི་བྷི་སི་གསར་ཁང་གིས་གནས་ཚུལ་སྤེལ་གསལ་ལྟར་ན། ཉེ་ཆར་རྒྱ་ནག་དང་དབྱིན་ཡུལ་གཉིས་ཀྱི་འབྲེལ་ལམ་ཐོག་རྟོག་ཞིབ་བྱེད་མཁན་དབྱིན་རྒྱའི་ཕྱི་གསལ་ནང་གསལ་གྱི་བསམ་མཛོད་༼UK-China Transparency Think Tank༽ ཅེས་པས་ཞིབ་འཇུག་བྱས་པའི་སྙན་ཐོ་གསར་པ་ཞིག་བཏོན་ཞིང་། སྙན་ཐོའི་ནང་། རྒྱ་གཞུང་གིས་དབྱིན་ཡུལ་གྱི་གཙུག་ལག་སློབ་གཉེར་ཁང་ཁག་ཏུ་རྒྱ་ནག་དང་འབྲེལ་བའི་ཚོར་བ་རྣོ་བའི་གནད་དོན་ཁག་གི་སྐོར་ལ་གྲོས་བསྡུར་བྱེད་རྒྱུར་བཀག་འགོག་ཆེད། དབྱིན་ཡུལ་གྱི་གཙུག་ལག་སློབ་གཉེར་ཁང་ཁག་ཏུ་ཡོད་པའི་རྒྱ་རིགས་ཀྱི་སློབ་མ་ཚོ་ལ་རང་གི་སློབ་གྲོགས་རྣམས་ལ་སོ་ཉུལ་བྱེད་དགོས་པའི་གནོན་ཤུགས་སྤྲད་ཡོད་པ་མ་ཟད། རྒྱ་གཞུང་གི་དཔོན་རིགས་ཚོས་རྒྱ་ཡིག་སྡེ་ཚན་དང་འབྲེལ་བའི་སློབ་དཔོན་ཚོའི་འཛིན་གྲྭའི་ནང་། བརྗོད་གཞི་ཁག་ཅིག་གི་སྐོར་ལ་གྲོས་བསྡུར་མི་བྱེད་པའི་ཉེན་བརྡ་བཏང་ཡོད་པ་སྙན་ཐོའི་ནང་ནན་བཤད་བྱས་ཡོད་འདུག
གནས་ཚུལ་དེ་ནི་གཙུག་ལག་སློབ་གཉེར་ཁང་ཁག་གིས་རིག་གཞུང་གི་རང་དབང་དང་སྨྲ་བརྗོད་རང་དབང་སྲུང་སྐྱོབ་བྱེད་རྒྱུར་འགན་འཁྲི་ཆེ་བ་འཁུར་དགོས་པའི་བཅའ་ཁྲིམས་གསར་པ་ཞིག་ལག་བསྟར་བྱས་ནས་ཉིན་ཤས་ཕྱིན་རྗེས་ཐོན་པ་ཞིག་ཆགས་ཡོད་འདུག
དབྱིན་ཡུལ་གྱི་རྒྱལ་ས་ལོན་ཊོན་དུ་ཡོད་པའི་རྒྱ་ནག་གི་གཞུང་ཚབ་ཁང་གིས་སྙན་ཐོ་དེ་ནི་གཞི་རྩ་མེད་པ་དང་ཁུངས་མེད་པ་ཞིག་རེད་ཅེས་བརྗོད་ཅིང་། རྒྱ་གཞུང་གིས་དབྱིན་ཡུལ་དང་ས་གནས་གཞན་གྱི་སྨྲ་བརྗོད་རང་དབང་ལ་བརྩི་འཇོག་བྱེད་ཀྱི་ཡོད་ཅེས་བརྗོད་འདུག
སྙན་ཐོའི་ནང་། གཙུག་ལག་སློབ་གཉེར་ཁང་ཁག་ཅིག་རྒྱ་རིགས་སློབ་མའི་སློབ་ཡོན་ལ་བརྟེན་ཡོད་པའི་རྒྱུ་མཚན་གྱིས། རྒྱ་ནག་གིས་སློབ་གྲྭའི་ནང་ཐེ་བྱུས་བྱས་པའི་གནད་དོན་ཐོག་ཁོང་ཚོས་གླེང་སློང་བྱེད་རྒྱུ་ལ་ཐེ་ཚོམ་ཡང་བྱེད་ཀྱི་ཡོད་འདུག་ལ། རྒྱ་ནག་གི་ཤེས་ཡོན་ཅན་འགའ་ཤས་རྒྱ་ནག་གི་འཕྲུལ་རིག་བཟོ་ཚོང་ཁང་ཁག་གི་དར་རྒྱས་དང་། ཤར་ཏུ་ཀི་སི་ཐན་དུ་མི་རིགས་རྩ་མེད་གཏོང་བའི་སྐྱོན་འཛུགས། ཏོག་དབྱིབས་ནད་དུག་ཁྱབ་གདལ་སོགས་ཚོར་བ་རྣོ་བའི་ཞིབ་འཇུག་ནང་ཞུགས་པར་བརྟེན། རྒྱ་གཞུང་གིས་ཁོང་ཚོ་འགའ་ཤས་ལ་མཐོང་མཆན་སྤྲད་མེད་པ་མ་ཟད། འགའ་ཤས་ཀྱི་ནང་མི་རྒྱ་ནག་ཏུ་ཡོད་པ་རྣམས་ལ་འཇིགས་སྐུལ་ཡང་བྱས་ཡོད་འདུག སྙན་ཞུའི་ནང་ལྟར་ན། འཇིགས་སྐུལ་བྱེད་མཁན་རྣམས་ནི་རྒྱ་གཞུང་གི་དཔོན་རིགས་དང་། གཙུག་ལག་སློབ་གཉེར་ཁང་དུ་ཡོང་མཁན་གྱི་གདན་ཞུས་སློབ་དཔོན་ཆེན་མོ་བ་རྣམས། དེ་བཞིན་ཁུང་ཙི་སློབ་གླིང་གི་ལས་བྱེད་ཚོ་ཡིན་འདུག
དབྱིན་ཡུལ་དུ་ཡོད་པའི་རྒྱ་ནག་གི་གཞུང་ཚབ་ཁང་གི་མགྲིན་ཚབ་པས། རྒྱ་ནག་གིས་རྒྱལ་ཁབ་གཞན་གྱི་ནང་སྲིད་ལ་ཐེ་བྱུས་མི་བྱེད་པའི་སྲིད་ཇུས་རྒྱུན་འཁྱོངས་བྱས་ཡོད་ཅེས་བརྗོད་འདུག ཡིན་ཡང་། གནད་དོན་ཞིབ་འཇུག་བྱེད་མཁན་གྱི་ཚོགས་པས། རྒྱ་ནག་ནས་ཡིན་པའི་སློབ་མ་ཁག་ཅིག་གིས་རང་གི་སློབ་དཔོན་ཚོ་ལ། རྒྱ་ནག་གི་དཔོན་རིགས་ཚོས་ཁོང་ཚོ་ལ་རང་གི་སློབ་གྲོགས་ལ་སོ་ཉུལ་བྱེད་དགོས་པའི་རེ་སྐུལ་བྱས་ཡོད་པར་བརྗོད་འདུག་ལ།
ཁོང་ཚོས་བཏོན་པའི་སྙན་ཐོའི་ནང་དུ་ཡང་། རྒྱལ་ཁབ་མི་འདྲ་བའི་སློབ་ཕྲུག་གཞན་དག་གིས་ཀྱང་རྒྱ་ནག་གཞུང་དང་འབྲེལ་བའི་ཚོར་བ་རྣོ་བའི་གནད་དོན་སྐོར་འཛིན་གྲྭའི་ནང་གྲོས་བསྡུར་བྱེད་སྐབས། སེམས་མི་བདེ་བ་ཡོང་གི་ཡོད་པ་དང་། བརྗོད་གཞི་དེ་དག་གི་ཐོག་མུ་མཐུད་ཞིབ་འཇུག་བྱེད་འདོད་མེད་པར། ཐེ་ཚོམ་བྱེད་དགོས་པ་ཡོང་གི་ཡོད་པར་བརྗོད་འདུག
དབྱིན་ཡུལ་གྱི་སྒྱུ་རྩལ་བློན་ཆེན་ཇ་ཁེ་སི་མི་ཐ་༼ Jacqui Smith༽ ཡིས། ཕྱི་རྒྱལ་གྱི་རྒྱལ་ཁབ་གང་རུང་གིས་དབྱིན་ཡུལ་ནང་གི་མི་སྒེར་ལ་འཇིགས་སྐུལ་དང་སུན་གཙེར། གནོད་འཚེ་གཏོང་བའི་བྱ་སྤྱོད་གང་ལ་ཡང་བཟོད་སྒོམ་བྱ་རྒྱུ་མིན་པར་བརྗོད་འདུག
སྤྱིར་འདས་པའི་ལོ་ངོ་དྲུག་ཙམ་ནས་བཟུང་། རྒྱ་ནག་གིས་དབྱིན་ཡུལ་གྱི་གཙུག་ལག་སློབ་གཉེར་ཁང་ཁག་གི་རྒྱ་ཡིག་སྡེ་ཚན་ལ་ཐེ་ཇུས་དང་། རྒྱ་ཡིག་སྡེ་ཚན་གྱི་དགེ་རྒན་དང་སློབ་གཉེར་བ་ཚོ་ལ་འཇིགས་སྐུལ་དང་སོ་ལྟ་བྱེད་པ། ཁོང་ཚོ་ལ་གནོན་ཤུགས་སྤྲད་པ་སོགས་ཀྱི་དཀའ་ངལ་དེ་ཇི་ཆེར་ཕྱིན་ནས། གནད་དོན་དེ་རྒྱལ་ཁབ་ཀྱི་གྲོས་ཚོགས་སུ་ཡང་གླེང་སློང་བྱུང་བར་བརྟེན། ཁོང་ཚོས་ཞིབ་འཇུག་གི་སྙན་ཐོ་བཏོན་པ་ཞིག་ཆགས་ཡོད་འདུག།
གསར་འགོད་པ། བློ་བཟང་རྒྱ་མཚོ།