རྒྱ་གཞུང་གིས་བོད་ཀྱི་ན་གཞོན་གླུ་པ་ཨ་སངས་འཛིན་བཟུང་བྱས་འདུག

བཙན་བྱོལ་ནང་གི་བོད་ཀྱི་བརྒྱུད་ལམ་ཁག་གི་གནས་ཚུལ་ལྟར་ན། ཉེ་ཆར་བོད་ནང་གི་ན་གཞོན་གླུ་པ་ཨ་སངས་རྒྱ་ནག་དམར་གཞུང་གིས་འཛིན་བཟུང་བཙན་ཁྲིད་བྱས་ཡོད་འདུག་པ་དང་། དེའི་སྐོར་ཁོང་གི་ནང་མི་ཚོ་ལ་འགྲེལ་བཤད་ཁ་གསལ་གང་ཡང་བྱས་ཡོད་མི་འདུག ད་ལྟའི་ཆར་ཁོང་གི་གནས་སྟངས་གང་ཡིན་སོགས་ཀྱི་གནས་ཚུལ་གསལ་པོ་ཤེས་རྟོགས་ཡོང་གི་མེད་པ་རེད། བཙན་བྱོལ་ནང་གི་བརྒྱུད་ལམ་ཁག་ལ་གནས་ཚུལ་མཁོ་སྤྲོད་པས། ༧སྐུའི་གོ་སྟོན་སྐབས་སུ་ཁོང་དང་གྲོགས་པོ་དཔལ་སྐྱོང་གཉིས་ཀྱིས་ཕྱི་ལོ་ ༢༠༠༦ ལོར་ཨ་རིག་མཆོད་རྟེན་ཐར་གྱིས་ཚིག་བརྩམས་པ་དང་། གླུ་པ་ཤེར་བསྟན་གྱིས་བླངས་པའི་གླུ་གཞས་ཞི་བདེའི་རྒྱལ་སྲས་ཞེས་པ་ཐད་གཏོང་གི་ལམ་ནས་བསྐྱར་དུ་བླངས་པའི་རྐྱེན་གྱིས་འཛིན་བཟུང་བཙན་འཁྲིད་བྱས་པ་འགྲེལ་བརྗོད་བྱས་ཡོད་འདུག གཞས་དེའི་གཞས་ཚིག་ནི། ང་ཚོ་ཨ་མདོ་ནས་འཁྲུངས་ཤིང་།། ཞབས་བརྗེ་དབུས་གཙང་ལ་བཀོད་པ།། མཛད་འཕྲིན་འཕགས་ཡུལ་ནས་རྒྱས་པའི།། ཞི་བདེའི་རྒྱལ་སྲས་ཁྱེད་དྲན་ཀི། གསེར་དངུལ་གཡུ་བྱུར་གྱི་རྒྱན་ཆ།། སྟག་གཟིག་ཝ་སྲམ་གྱི་ཤོམ་ལྭ།།  ཆོས་ལྡན་མི་རིགས་འདིར་མི་མཛའ།། གསུངས་པའི་བཀའ་སློབ་ཀྱང་དྲན་ཀི།། ཁྱེད་ནི་མགོ་ཐོག་གི་ཉི་མ།། ཁྱེད་ནི་སེམས་ནང་གི་ཕ་མ།། ཁྱེད་ནི་བྱམས་ལྡན་གྱི་བླ་མ།། ཁྱེད་ཉིད་བརྗེད་ཐབས་ཤིག་མི་འདུག། ཅེས་པ་དེ་ཡིན་ཞིང་། ཉེ་ཆར་ཁོང་གིས་ཐད་གཏོང་བྱས་པ་མཐོང་། མ་ཟད་བོད་ནང་གི་མི་སྒེར་བརྒྱུད་ལམ་ཁག་ཏུ་གཞས་དེ་མང་པོ་མཐོང་རྒྱུ་ཡོད་ཀྱང་། ད་ལྟ་གཞས་དེ་མཐོང་རྒྱུ་མེད་པ་ཆགས་འདུག སྤྱིར་གོ་སྟོན་གཡས་གཡོན་དེར་རྒྱ་གཞུང་གིས་བོད་ནང་དུ་དམ་བསྒྲགས་ཆེན་པོ་བྱས་པའི་གནས་ཚུལ་ཡོད་པ་རེད། ན་གཞོན་གླུ་བ་ཁོང་ནི་བོད་རྔ་པ་སྟག་མོ་རྫོང་བར་མ་ཡུལ་ཚོའི་ཀ་ཤུལ་རུ་ཁག་བཞི་པའི་ནག་ཚང་ཚང་གི་བུ་ཡིན་འདུག་པ་དང་། བོད་ནང་གི་ལ་རྒྱའི་གླུ་པ་དགེ་བྷེའི་གཅུང་པོ་རེད་ཟེར་བ་དང་ཡང་ཁོང་གི་དགེ་ཕྲུག་རེད་བཅས་རྗོད་མཁན་འདུག གང་ལྟར་ཁོང་ནི་ནམ་རྒྱུན་མི་རིགས་ཤ་ཞེན་ཅན་ཞིག་དང་ལ་རྒྱའི་གླུ་གཏོང་མཁན་ཞིག་ཡིན་འདུག་པས། རྒྱ་དམར་གཞུང་གིས་དུས་རྒྱུན་ཁོང་གི་འགྲོ་འདུག་ལ་དོགས་ཟོན་དང་། ཁོང་གི་གཉེན་སྟོན་གྱི་སྐབས་སུ་ཉེན་རྟོག་པས་ཚོད་འཛིན་དང་དམ་བསྒྲགས་ཆེན་པོ་བྱས་ཡོད་པའི་གནས་ཚུལ་འདུག དེ་བཞིན་གཞས་ཚིག་རྩོམ་པ་པོ་ཨ་རིག་མཆོད་རྟེན་ཐར་ཡང་སྔོན་ཆད་འཛིན་བཟུང་བྱེད་མྱོང་ཡོད་འདུག ཨ་སངས་ཀྱི་གླུ་གཞས་ལ། འོས་བབས་འགན་འཁྲི། འབོད་སྐུལ། སེམས་གཏམ། རང་མགོར་ཅི་ཡང་སུས་ཤེས། སྤུན་ཟླ་ཚོ། འབྲོག་མི། མི་སྐྲག ཁ་བརྡ། སྙིང་གཏམ་སོགས་མང་པོ་འདུག ཁོང་དང་བཟའ་ཟླ་ལྷ་མོ་གཉིས་ལ་རང་ལོ་གཅིག་ལྷག་ཡིན་པའི་བུ་གཅིག་དང་། མངལ་དུ་ཡོད་པའི་ཕྲུ་གུ་གཞན་ཞིག་སྐྱེས་གྲབས་ཡོད་སྐད་འདུག

གསར་འགོད་པ། བསྟན་འཛིན་ལམ་བཟང་།