རྒྱ་གཞུང་གིས་བོད་དང་ཤར་ཏུར་ཀི་སི་ཐན་བར་མེ་འཁོར་ལྕགས་ལམ་འཛུགས་སྐྲུན་བྱེད་རྒྱུ་ཡིན་འདུག

རྒྱ་ནག་གཞུང་གིས་ཡུ་གུར་གྱི་གྲོང་ཁྱེར་ཧོ་ཏན་(Hotan)དང་བོད་ཀྱི་རྒྱལ་ས་ལྷ་ས་གཉིས་བར་མེ་འཁོར་ལྕགས་ལམ་ཞིག་བཟོ་རྒྱུ་ཡིན་འདུག་ཅིང་། མེ་འཁོར་ལྕགས་ལམ་དེ་རྒྱ་དཀར་ནག་གཉིས་བར་རྩོད་གཞི་ཅན་གྱི་ཨག་སའེ་ཅིན་(Aksai Chin)ཟེར་བའི་ས་ཁུལ་དེའི་བརྒྱུད་ནས་བཟོ་རྒྱུ་ཡིན་འདུག་པར་བརྟེན། རྒྱ་གར་གྱིས་དེ་བདེ་སྲུང་ལ་ཉེན་ཁ་ཆེན་པོ་མཐོང་གི་ཡོད་འདུག
ཕྱི་ཚེས་༡༡ ཉིན་ལྷོ་རྒྱ་ནག་ཞོགས་པའི་ཆ་འཕྲིན་གྱིས་གནས་ཚུལ་སྤེལ་ལྟར་ན། རྒྱ་ནག་གཞུང་གིས་བོད་ཀྱི་རྒྱལ་ས་ལྷ་དང་ཡུ་གུར་གྱི་ས་ཆ་ཧོ་ཏན་(Hotan)གཉིས་བར་མེ་འཁོར་ལྕགས་ལམ་ཞིག་འཛུགས་སྐྲུན་བྱེད་རྒྱུ་གཞུང་འབྲེལ་གྱིས་འགོ་བཙུགས་ཟིན་འདུག་ཅིང་། མེ་འཁོར་ལྕགས་ལམ་དེ་རྒྱ་ནག་གཞུང་གི་མེ་འཁོར་ལྕགས་ལམ་བཟོ་སྐྲུན་བྱེད་མཁན་ཚོང་གཉེར་ཁང་ཞིག་ལ་སྤྲད་ཡོད་འདུག གོང་གསལ་གྱི་མེ་འཁོར་ལྕགས་ལམ་དེའི་འཛུགས་སྐྲུན་ཆེད་དུ་ཁྱོན་རྒྱ་སྒོར་ཐེར་འབུམ་༩༥ དང་། ཨ་སྒོར་དུ་བརྩིས་ན་ཨ་སྒོར་ཐེར་འབུམ་༡༣་༢ གཏོང་རྒྱུ་ཡིན་འདུག

ཚོང་གཉེར་ཁང་དེའི་ལས་འཆར་གྱི་ཁོངས་སུ་འཛུགས་སྐྲུན་ལས་གཞི་དང་། ཡུལ་སྐོར་སྤྲོ་འཁྱམ་ལྟེ་གནས་གསར་སྐྲུན། སྡོད་ཁང་གསར་རྒྱག དེ་བཞིན་རྒྱལ་སྤྱིའི་ཚོང་གཉེར་ཁང་དེ་འདྲ་དང་མཉམ་ལས་ཐོག་ནས་ལས་འཆར་མང་པོ་སྤེལ་རྒྱུ་ཡིན་འདུག ཐེངས་འདིའི་མེ་འཁོར་ལྕགས་ལམ་དེ་བོད་ཀྱི་ས་ཐོག་ཏུ་རྒྱ་ནག་གིས་བཟོས་པའི་མེ་འཁོར་ལྕགས་ལམ་བཞི་པ་དེ་ཆགས་རྒྱུ་ཡིན་འདུག་ལ། མེ་འཁོར་ལྕགས་ལམ་གཞན་རྣམས་བོད་ཀྱི་མདོ་སྟོད་སྨད་ས་ཁུལ་ཁག་སྟེ་རྒྱ་ནག་གི་ཞིང་ཆེན་ཟེར་བའི་ཁོངས་སུ་བཅུག་པའི་མཚོ་སྔོན་དང་། དེ་བཞིན་སི་ཁྲོན་དང་ཡུན་ནན་བཅས་ལ་མཐུད་ཡོད་པར་བརྗོད་འདུག ཐེངས་འདིའི་མེ་འཁོར་ལྕགས་ལམ་དེའི་རིང་ཚད་ནི་སྤྱི་ལེ་༥༠༠༠ ཡོད་འདུག་ཅིང་། དུས་ཡུན་ཕྱི་ལོ་༢༠༣༥ ནང་བཟོ་ཐུབ་རྒྱུའི་དམིགས་ཚད་བཟུང་ཡོད་འདུག དུས་ཡུན་དེ་འདྲ་ཞིག་འགོར་དགོས་དོན་ནི་ས་ཁམས་གནས་བབ་ཀྱི་ཐོག་ནས། ས་ཁུལ་དེ་དག་ས་ཁ་མཐོན་པོ་ཡིན་པ་དང་། གངས་དང་གཙང་པོ། འཁྱགས་རོམ་སོགས་མང་པོ་ཞིག་བརྒྱུད་ནས་ལམ་བཟོ་དགོས་པ་དང་། དམིགས་བསལ་དགུན་དུས་སྐབས་སུ་བོད་མཐོ་སྒང་དུ་གནམ་གཤིས་དྲོད་ཚད་ཀླད་ཀོར་འོག་གི་གྲངས་ཚད་༤༠ ཆགས་ཀྱི་ཡོད་པས། ལས་མི་ཚོ་བོད་མཐོ་སྒང་ལ་ཡོང་དུས་སྲོག་རླུང་མི་འདང་བའི་དཀའ་ངལ་ཆེན་པོ་འཕྲད་ཀྱི་ཡོད་འདུག་པ་ལ་བརྟེན་ནས། འཛུགས་སྐྲུན་ལས་གཞི་སྤེལ་རྒྱུ་ཁག་ཆགས་པས་ཡིན་འདུག མེ་འཁོར་ལྕགས་ལམ་འཛུགས་སྐྲུན་ལས་གཞི་དེ་ཧིན་བོད་ས་མཚམས་བརྒྱུད་ནས་བཟོ་དགོས་ཀྱི་ཡོད་འདུག་པར་བརྟེན། རྒྱ་ནག་གི་བདེ་སྲུང་ཆེད་དུ་གལ་ཆེན་པོ་བརྩིས་ཡོད་འདུག་ཅིང་། རྒྱ་གར་གྱི་ཕྱོགས་ནས་དེ་ནི་ཉེན་ཁ་ཞིག་ལ་བརྩི་གི་ཡོད་འདུག རྒྱུ་མཚན་ནི་རྒྱ་ནག་གིས་ད་ཆར་ཧིན་བོད་ས་མཚམས་སུ་གཞུང་ལམ་དང་གནམ་ཐང་གསར་རྒྱག མེ་འཁོར་ལྕགས་ལམ་སོགས་ཀྱི་འཛུགས་སྐྲུན་ལས་གཞི་མང་དུ་སྤེལ་ནས་གལ་སྲིད་ས་མཚམས་སུ་དམག་འཁྲུག་བྱུང་ཚེ་དུས་ཡུན་ཐུང་ཐུང་ནང་དམག་མི་དང་གོ་མཚོན་ཕོན་ཆེན་པོ་ས་མཚམས་སུ་ཡོང་ཐུབ་རྒྱུ་ལ་དམིགས་ཀྱི་ཡོད་པར་རྗོད་ཀྱི་ཡོད་འདུག
མེ་འཁོར་ལྕགས་ལམ་དེ་ཐོག་མ་ཕྱི་ལོ་༢༠༠༨ ལོར་རྒྱ་ནག་གི་རྒྱལ་ཡོངས་ཡར་རྒྱས་དང་བསྒྱུར་བཅོས་ཚན་པ་ནས། རྒྱ་ནག་རྒྱལ་ཡོངས་ཀྱི་མེ་འཁོར་ལྕགས་ལམ་སྐོར་བསྐྱར་ཞིབ་དང་འཆར་འགོད་སྐབས་སུ་(the Xinjiang-Tibet)ཤར་ཏུར་ཀི་སི་ཐན་དང་བོད་ཀྱི་མེ་འཁོར་ལྕགས་ལམ་ཟེར་བ་དེའི་འཆར་གཞི་བཀོད་ཡོད་འདུག་ཅིང་། རྒྱལ་ཡོངས་ཡར་རྒྱས་དང་བསྒྱུར་བཅོས་ཚན་པ་ཟེར་བ་དེ་རྒྱ་ནག་གི་དཔལ་འབྱོར་འཆར་འགོད་བྱེད་མཁན་གྱི་ཚན་པ་མཐོ་ཤོས་དེ་ཡིན་འདུག
མཐའ་མ་ཕྱི་ལོ་༢༠༢༢ ཟླ་བ་༥ ནང་མེ་འཁོར་ལྕགས་ལམ་དེ་འཛུགས་སྐྲུན་བྱེད་ཕྱོགས་དང་བཟོ་བཀོད་སྐོར་ཉམས་ཞིབ་འགོ་བཙུགས་ནས། འདི་ལོའི་ཕྱི་ཟླ་༤ པའི་ནང་ལས་གཞི་དངོས་སུ་འགོ་འཛུགས་བྱེད་རྒྱུ་རྒྱ་ནག་གི་འགྲིམ་འགྲུལ་ལྷན་ཁང་ནས་ཐག་གཅོད་བྱས་ཡོད་འདུག
གསར་འགོད་པ། བསོད་ནམས་ཕུན་ཚོགས།
