རྒྱ་གཞུང་གིས་འགྲོ་བ་མིའི་ཐོབ་ཐང་རྩོད་ལེན་པའི་བྱིས་པ་རྣམས་ལ་དཀའ་ངལ་སྤྲོད་ཀྱི་ཡོད་འདུག

རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ཚོགས་པ་ཁག་གིས་སྐྱོན་བརྗོད་བྱེད་དོན་ལ། རྒྱ་ནག་ནང་འགྲོ་བ་མིའི་ཐོབ་ཐང་རྩོད་ལེན་པའི་ཁྱིམ་མི་ཞིག་ཡིན་ཚེ། དེའི་ཕྲུ་གུ་རྣམས་ལ་ལྐོག་ནས་རྒྱ་ནག་གཞུང་གིས་དཀའ་ངལ་ཆེན་པོ་སྤྲོད་ཀྱི་ཡོད་འདུག་ཀྱང་། རྒྱ་ནག་གཞུང་གིས་ངོས་ལེན་བྱེད་ཀྱི་ཡོད་མི་འདུག 

ཕྱི་ཚེས་༡༦ རྒྱ་གར་གྱི་དུས་བབ་གསར་ཁང་གིས་གནས་ཚུལ་སྤེལ་གསལ་ལྟར་ན། ཉེ་ཆར་གཟའ་ཟླ་བའི་ཉིན་ཕྱི་རྒྱལ་ལ་ཡོད་པའི་རྒྱ་ནག་གི་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་ཚོགས་པ་ཟེར་བ་དེ་དང་། རྒྱལ་སྤྱིའི་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་འགའ་ཤས། དེ་བཞིན་རྒྱ་ནག་ནང་འགྲོ་བ་མིའི་ཐོབ་ཐང་རྩོད་ལེན་པའི་ཚོགས་པ་བཅས་ཀྱིས་རྒྱ་ནག་ནང་འགྲོ་བ་མིའི་ཐོབ་ཐང་དང་འབྲེལ་བའི་སྙན་ཐོ་ཞིག་བཏོན་ཡོད་འདུག་པ་དང་། སྙམ་ཐོ་དེའི་ནང་བོད་དང་ཡུ་གུར་གཉིས་ནང་འགྲོ་བ་མིའི་ཐོབ་ཐང་རྩོད་ལེན་བྱེད་མཁན་དང་འབྲེལ་བའི་ཁྱིམ་མི་ཡིན་ན། དེའི་བུ་ཕྲུག་ཚོ་རྒྱ་ནག་གི་སློབ་གྲྭའི་ནང་ཡོང་རྒྱུར་བཀག་འགོག་བྱེད་པ་དང་། འདྲི་རྩད་བཀག་ཉར་བྱེད་པ། སེམས་ཁམས་དཀའ་ངལ་ཡོད་མཁན་དང་དྭ་ཕྲུག་འཇོག་སའི་ནང་བཀག་ཉར་སོགས་བྱེད་ཀྱི་ཡོད་འདུག དེ་བཞིན་ད་ཆར་ཧོང་ཀོང་ནང་དུ་ཡང་དེ་ལྟར་བྱེད་ཀྱི་ཡོད་པར་བརྗོད་འདུག སྙན་ཐོ་དེར་ཕྱི་ལོ་༢༠༢༣ ནང་གི་གནས་ཚུལ་ཡང་ཡོད་འདུག་པ་དང་། རྒྱ་ནག་གཞུང་གིས་རྒྱ་ནག་ནང་འགྲོ་བ་མིའི་ཐོབ་ཐང་རྩོད་ལེན་བྱེད་མཁན་གྱི་ཁྱིམ་མི་ཞིག་ཡིན་ན་དེའི་ཕྲུ་གུ་སློབ་གྲྭ་འགྲོ་དུས་གཞུང་གིས་ཕྲུ་གུ་དེ་ལ་གཉའ་གནོན་དང་བཙན་དབང་ཐོག་ནས་དཀའ་ངལ་ཆེན་པོ་སྤྲོད་བཞིན་ཡོད་འདུག སྙན་ཐོ་དེའི་ནང་རྒྱ་ནག་གཞུང་གིས་སྲིད་བྱུས་དེ་འདྲ་ལོ་མང་སྔོན་ནས་ལག་བསྟར་བྱེད་ཀྱི་ཡོད་པར་བརྟེན། དངོས་སུ་དཀའ་ངལ་མྱངས་མྱོང་མཁན་དེ་འདྲ་མང་པོ་ལ་བཅར་འདྲི་དང་གནས་ཚུལ་མཁོ་སྒྲུབ་བྱས་པ་རྐྱང་རྐྱང་ཡིན་འདུག རྒྱ་ནག་གཞུང་གིས་ལྐོག་ནས་ཉེན་རྟོག་པ་བཏང་ནས་འགྲོ་བ་མིའི་ཐོབ་ཐང་རྩོད་ལེན་བྱེད་མཁན་ཚོའི་ཕྲུ་གུ་ལ་བཙན་དབང་ཐོག་ནས་དཀའ་ངལ་སྤྲོད་ཀྱི་ཡོད་འདུག 

གནད་དོན་དེ་འདྲའི་ཁྲོད་དཀའ་ངལ་དངོས་སུ་མྱངས་མྱོང་མཁན་གཅིག་ནི་(He Fangmei)ཟེར་བའི་བུད་མེད་དེ་ཡིན་འདུག་ལ། ཁོང་མོ་ཏོག་དབྱིབས་ནད་དུག་སྐབས་སུ་སྔོན་འགོག་ཁབ་ཀྱི་བདེ་འཇགས་ཡོད་མེད་དང་འབྲེལ་ནས་གཞུང་དང་གདོང་ཐུག་བྱུང་མྱོང་ཡོད་འདུག་པ་དང་། སྐབས་དེར་ཁོང་མོའི་ཁྱོ་ག་དང་ཁོང་མོ་གཉིས་བཀག་ཉར་བྱེད་དུས་ཁོང་གཉིས་ཀྱི་ཕྲུ་གུ་དེ་མི་སེམས་ཁམས་བདེ་པོ་མེད་མཁན་ཚོ་འཇོག་ས་དེ་འདྲའི་ནང་བཀག་ཉར་བྱས་ཡོད་འདུག དེ་བཞིན་འགྲོ་བ་མིའི་ཐོབ་ཐང་སྐོར་གྱི་ཁྲིམས་རྩོད་པ་(Wang Quanzhang)ཟེར་བ་ཁོང་ལ་གཞུང་གིས་གཉའ་གནོན་ཐེངས་མང་བྱེད་མྱོང་ཡོད་འདུག་ལ། ཁོང་གི་ཕྲུ་གུ་སློབ་གྲྭའི་ནང་ཡོང་མ་བཅུག་ནས་བཀག་འགོག་བྱེད་ཆེད་གཞུང་གིས་སློབ་གྲྭའི་ལས་བྱེད་ལ་གནོན་ཤུགས་སྤྲད་པ་སོགས་བྱས་ཡོད་འདུག ཡང་ཟླ་བ་སྔོན་མའི་ནང་བུད་མེད་(Li Wenzu)་ཟེར་བའི་བུད་མེད་དེ་འགྲོ་མིའི་ཐོབ་ཐང་རྩོད་ལེན་པ་ཞིག་ཡིན་འདུག་པར་བརྟེན། ཁོང་མོའི་བུ་སློབ་གྲྭ་ནས་ཕྱིར་འབུད་བཏང་ཡོད་འདུག གནད་དོན་གཞན་ཞིག་ནི་རྒྱ་ནག་ནང་འགྲོ་བ་མིའི་ཐོབ་ཐང་རྩོད་ལེན་པ་ཞིག་ཡིན་ཚེ་ཁྱིམ་མི་རྒྱ་ནག་གི་ཕྱི་ཕྱོགས་སུ་འགྲོ་རྒྱུ་ལ་དམ་དྲག་ཆེན་པོ་བྱེད་ཀྱི་ཡོད་འདུག 

གསར་འགོད་པ། བསོད་ནམས་ཕུན་ཚོགས།