རྒྱ་གར་གཞུང་མང་གཉིས་ལ་ཐུགས་རྗེ་ཆེ་ཞུའི་ལས་འགུལ་སྤེལ་རྒྱུ་རེད་འདུག

༧གོང་ས་མཆོག་རྒྱ་གར་གྱི་ས་ཐོག་ཏུ་བཙན་བྱོལ་བའི་ངོ་བོའི་ཐོག་ནས་ཕྱི་ལོ་༡༩༥༩ ཟླ་༣ ཚེས་༣༡ ཕེབས་འབྱོར་གནང་ནས། འདི་ལོའི་ཕྱི་ཟླ་༣ ཚེས་༣༡ ཉིན་ལོ་༦༠ འཁོར་གྱི་ཡོད་པ་དང་བསྟུན། མེས་པོ་དམ་པ་གཱན་དྷི་ཡི་སྐུ་གདུང་བཞུགས་གནས་རཱཇ་གྷཌ་ (Rajghat) ས་གནས་སུ་༧གོང་ས་མཆོག་གིས་དབུས་ཆོས་ལུགས་འདྲ་མིན་གྱི་བླ་ཆེན་ཁག་ཅིག་ལྷན་འཛོམས་ཐོག སྨོན་ལམ་གསུང་འདོན་གནང་ནས་རྒྱ་གར་གཞུང་མང་གཉིས་ལ་ཐུགས་རྗེ་ཆེ་ཞུའི་ལས་འགུལ་དངོས་སུ་འགོ་འཛུག་རྒྱུ་ཡིན་འདུག

ཟླ་འདིའི་ཕྱི་ཚེས་༡༨ ཉིན་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེངྒེས་རྒྱ་གར་གྱི་རྒྱལ་ས་ལྡི་ལིའི་གསར་འགོད་མཐུན་ཚོགས་ཀྱི་ཚོགས་ཁང་(The Press Club of India)དུ་ཕྱི་ནང་གི་གསར་འགོད་པ་རྣམས་ལ་གསར་འགོད་གསལ་བསྒྲགས་ཤིག་སྤེལ་ནས། ༧གོང་ས་མཆོག་དང་བཙན་བྱོལ་བོད་མི་རྣམས་རྒྱ་གར་དུ་འབྱོར་ནས་མི་ལོ་༦༠ འཁོར་བའི་དུས་དྲན་དང་། དུས་སྐབས་དེའི་རིང་རྒྱ་གར་གཞུང་མང་གཉིས་ཀྱིས་བོད་མི་དང་བོད་དོན་ཐོག་རྒྱབ་སྐྱོར་དང་མཐུན་འགྱུར་རོགས་རམ་རྒྱ་ཆེ་གནང་དང་གནང་མུས་ལ་ཐུགས་རྗེ་ཆེ་ཞུའི་སླད། འདི་ལོའི་ཕྱི་ཟླ་༣ པའི་ཚེས་༣༡ ཉིན་ནས་འགོ་འཛུགས་ཀྱིས་རྒྱ་གར་རྒྱལ་ཡོངས་སུ་གཞི་རྒྱ་ཆེ་བའི་ལས་འགུལ་ཞིག་སྤེལ་རྒྱུ་ཡིན་སྐོར་གསུངས་ཡོད་འདུག་ཅིང་། སྐབས་དེར་ ཆོས་རིག་དང་ཤེས་རིག་བཀའ་བློན་གཅིག་ལྕོགས་གཡུ་ཐོག་ཀརྨ་དགེ་ལེགས་དང་། ཤེས་རིག་དྲུང་ཆེ་ཀརྨ་སེངྒེ།  ལྡི་ལི་སྐུ་ཚབ་དོན་གཅོད་འབྲོང་ཆུང་དངོས་གྲུབ། དོན་ཁང་གི་དྲུང་ཆེ་ཚེ་དབང་རྒྱལ་པོ་ཨརྱ་བཅས་ཕེབས་ཡོད་འདུག

དེ་ཡང་གསར་འགོད་ལྷན་ཚོགས་ཐོག་སྲིད་སྐྱོང་བློ་བཟང་སེང་གེས་“ཕྱི་ལོ་༡༩༥༩ ལོ་ནས་བཟུང་རྒྱ་གར་འཕགས་ཡུལ་འདི་ཉིད་བོད་མི་བཙན་བྱོལ་བ་རྣམས་ཀྱི་ཕ་ཡུལ་གཉིས་པ་ལྟ་བུ་ཆགས་ཡོད། ལྷག་པར་བོད་མིའི་ཐུན་མིན་ཆོས་དང་རིག་གཞུང་། སྐད་ཡིག་དང་བཅས་པར་འཛིན་སྐྱོང་སྤེལ་གསུམ་ཆེད་མཐུན་འགྱུར་རོགས་རམ་རྒྱ་ཆེ་གནང་དང་གནང་མུས་ཡིན།  ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་ཀྱང་དུས་རྟག་ཏུ་རྒྱ་གར་ང་ཚོའི་བླ་མ་དང་ང་ཚོ་རྒྱ་གར་བའི་སློབ་མ་ཡིན། ཞེས་བཀའ་སློབ་ཡང་ཡང་སྩོལ་བཞིན་ཡོད།  ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་རྒྱ་གར་ནང་སྐུ་འཚོ་བཞུགས་མཛད་པ་དེས་རྒྱ་གར་དང་བོད་མིའི་དབར་གྱི་བླ་སློབ་ཀྱི་འབྲེལ་བ་དེ་བས་དམ་ཟབ་ཆེ་རུ་འགྲོ་རྒྱུར་ཕན་ཐོགས་ཧ་ཅང་ཡོང་བཞིན་ཡོད།  ཡོངས་གྲགས་སུ་རྒྱ་གར་གྱི་བུ་ཞིག་དང་བདག་ཉིད་ཆེན་པོ་གཱན་དྷི་མཆོག་གི་རྗེས་འབྲང་བ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་མུ་མཐུད་རྒྱ་གར་གནའ་རབས་དཔལ་ན་ལེནྡྲའི་ལེགས་བཤད་གཙོ་བོར་གྱུར་བའི་སྲོལ་རྒྱུན་གྱི་ལེགས་བཤད་དེ་དག་སླར་གསོ་ཡོང་ཐབས་ཆེད་ཐུགས་བརྩོན་མཛད་བཞིན་པ་མ་ཟད།  རིག་གནས་དེ་དག་གཞི་ལ་བཞག་ནས་དེང་དུས་སྤྱི་ཚོགས་དང་མཐུན་པའི་ཐོག་ནས་ཆོས་ལུགས་ལ་མ་བརྟེན་པའི་བཟང་སྤྱོད་གོང་མཐོར་གཏོང་གནང་མཛད་བཞིན་ཡོད།”ཅེས་གསུངས་ཡོད་འདུག

དེ་བཞིན་ཁོང་གིས་མུ་མཐུད་ནས་གསུང་དོན་དུ། “༧གོང་ས་མཆོག་རྒྱ་གར་གྱི་ས་ཐོག་ཏུ་བཙན་བྱོལ་བའི་ངོ་བོའི་ཐོག་ནས་ཕྱི་ལོ་༡༩༥༩ ཟླ་༣ ཚེས་༣༡ ཉིན་ཕེབས་ཡོད། སྐབས་དེར་ཁོང་གི་ཐུགས་རྒྱུད་ལ་རང་དབང་གི་ཚོར་སྣང་ཞིག་འཁྲུངས་པ་རེད།    གཙོ་བོ་རྒྱ་གར་གཞུང་མང་གཉིས་ཀྱི་བྱམས་བརྩེ་དང་སེམས་ཐག་ཧ་ཅང་ཉེ་བའི་མཛའ་བརྩེའི་ཚོར་བ་ལ་བརྟེན་ནས་ད་བར་འཛམ་གླིང་ཁྱོན་དུ་༧གོང་ས་མཆོག་གི་མཛད་འཕྲིན་ཉི་མའི་འོད་ཟེར་ཁྱབ་པ་ལྟར་གོང་ནས་གོང་དུ་འཕེལ་ཐུབ་པ་དང་། བོད་མི་རྣམས་ལ་མཚོན་ནའང་རང་གི་ཆོས་དང་རིག་གཞུང་། སྐད་ཡིག་ཙམ་མ་ཟད། བོད་ཀྱི་བདེན་པའི་འཐབ་རྩོད་ལའང་རྒྱལ་སྤྱིའི་ཐོག་ནས་རྒྱབ་སྐྱོར་ཧ་ཅང་ཐོབ་ཐུབ་པ་བྱུང་ཡོད། དེར་བརྟེན་ང་ཚོས་རྒྱ་གར་གཞུང་མང་གཉིས་ཀྱི་བྱམས་བརྩེ་དང་སེམས་ཐག་ཉེ་བའི་མཛའ་གྲོགས་ཀྱི་འདུ་ཤེས་ལ་སྙིང་ཁོང་རུས་པའི་གཏིང་ནས་བཀའ་དྲིན་ཆེ་ཞུ་རྒྱུ་ཡིན།”ཞེས་དང་། “བོད་མིའི་འཐབ་རྩོད་ལ་རྒྱལ་ཁ་ཐོབ་ཚེ་རྒྱ་གར་ལའང་རྒྱལ་ཁ་ཐོབ་པ་ཞིག་ཆགས་རྒྱུ་ཡིན། གང་ཡིན་བརྗོད་ན་བོད་མིའི་འཐབ་རྩོད་དེ་རྒྱ་གར་གནའ་རབས་ཀྱི་འཚེ་མེད་ཞི་བ་དང་བྱམས་བརྩེ། ཆོས་ལུགས་རིས་མེད་བཅས་ཀྱི་ལྟ་གྲུབ་ལ་གཞི་བཅོལ་བ་ཞིག་ཡིན།  རྒྱུ་མཚན་དེ་དག་ལ་གཞིགས་ཚེ་རྒྱ་གར་ལའང་དོན་དམ་བོད་དོན་ལ་རྒྱབ་སྐྱོར་གནང་རྒྱུའི་ཁྲིམས་མཐུན་གྱི་ཐོབ་ཐང་ཡང་ཡོད་པ་ལྟ་བུ་ཡིན།”ཞེས་གསུངས་ཡོད་འདུག

སྐབས་དེར་བོད་མིའི་སྒྲིག་འཛུགས་ཀྱི་ཕྱི་དྲིལ་དྲུང་ཆེ་དྭགས་པོ་བསོད་ནམས་ནོར་བུས།  རྒྱ་གར་གཞུང་མང་གཉིས་ཀྱིས་བོད་མིའི་སྲོལ་རྒྱུན་གྱི་རིག་གནས་ཧ་ཅང་ཕྱུག་པོ་ཡོད་པ་དེ་དག་འཛིན་སྐྱོང་སྤེལ་གསུམ་ཙམ་མ་ཟད། འཚེ་མེད་ཞི་བའི་གྲོས་མོལ་གྱི་ལམ་ནས་བོད་ཀྱི་གནད་དོན་གསལ་ཆེད་འཐབ་རྩོད་རྒྱུན་སྐྱོང་རྣོ་ངར་ལྡན་པ་ཞིག་ཆགས་ཐབས་སུ་མཐུན་འགྱུར་དང་ཁོར་ཡུག་བཟང་པོ་གནང་བར་ཡི་རང་བསྔགས་བརྗོད་དང་སྦྲགས་ཐུགས་རྗེ་ཆེ་ཞུས་ཡོད་འདུག

དེ་བཞིན་དྲིལ་བསྒྲགས་དྲུང་ཆེ་ཚད་མཉམ་ཤར་གླིང་བསྟན་འཛིན་ཟླ་སྒྲོན་གྱིས་ལས་འགུལ་སྤེལ་ཕྱོགས་ཀྱི་སྐོར་ལ་གསུང་དོན་དུ། ཕྱི་ཟླ་༣ ཚེས་༣༡ ཉིན་མེས་པོ་དམ་པ་གཱན་དྷི་ཡི་སྐུ་གདུང་བཞུགས་གནས་རཱཇ་གྷཌ་ (Rajghat)ས་གནས་སུ་ཆོས་ལུགས་འདྲ་མིན་གྱི་བླ་ཆེན་སོགས་ལྷན་འཛོམས་གནང་སྟེ་སྨོན་ལམ་གསུང་འདོན་གནང་ནས་རྒྱ་གར་གཞུང་མང་གཉིས་ལ་ཐུགས་རྗེ་ཆེ་ཞུའི་ལས་འགུལ་དངོས་སུ་འགོ་འཛུག་རྒྱུ་ཡིན་པ་དང་། སྐབས་དེར་༧གོང་ས་མཆོག་ཀྱང་ཚོགས་མགོན་དུ་ཕེབས་གཏན་ཁེལ་བ། དེ་བཞིན་ཕྱི་ཟླ་༤ ཚེས་༡ ཉིན་ཐྱཱག་རཱཇ་རྩེད་ཐང་ཆེན་མོར་ (Thyagaraj Stadium)མཛད་སྒོ་གྲ་རྒྱས་པོ་ཞིག་འཚོག་རྒྱུ་ཡིན་ཞིང་། སླར་ཡང་ཚོགས་མགོན་དུ་༧གོང་ས་མཆོག་ཆིབས་སྒྱུར་བཀའ་དྲིན་བསྐྱང་གཏན་འཁེལ་ཡོད་པ་དང་། མཛད་སྒོ་དེའི་ཐོག་རྒྱ་གར་གྱི་སྐུ་མགྲོན་གལ་ཆེན་ཁག་གཅིག་གིས་གསུང་བཤད་གནང་རྒྱུ་དང་། བོད་ཀྱི་ཟློས་གར་ཚོགས་པས་སྲོལ་རྒྱུན་གཞས་སྣ་འཁྲབ་སྟོན་གཟིགས་འབུལ་ཞུ་རྒྱུ་ཡིན་པ། དེ་བཞིན་ ཕྱི་ཟླ་༤ ཚེས་༢ ནས་༤ བར་རྒྱ་གར་རྒྱལ་སྤྱི་ལྟེ་གནས་ཁང་(India International Centre)དུ་རྒྱ་གར་གཞུང་མང་གཉིས་ལ་ཐུགས་རྗེ་ཆེ་ཞུའི་ལས་འགུལ་སྤེལ་སྐབས་བོད་ཀྱི་སྲོལ་རྒྱུན་རིག་གནས་སྒྱུ་རྩལ་དང་། སྨན་རྩིས་ཁང་གི་འགྲེམས་སྟོན་སོགས། དེ་བཞིན་བོད་མིའི་སྲོལ་རྒྱུན་བཟའ་བཅའ་སོགས་མདོར་ན་བོད་མིའི་ཐུན་མིན་ཆོས་དང་རིག་གཞུང་གི་རྣམ་པ་འདྲ་མིན་འགྲེམས་སྟོན་ཞུ་རྒྱུ་ཡིན་པ། གཞན་ཡང་ཕྱི་ཟླ་༤ ཚེས་༥ ནས་༧ བར་ལྡི་ལི་ཧཌ་(Delhi Haat)ས་གནས་སུ་བོད་མིའི་ཐུན་མིན་སྲོལ་རྒྱུན་གྱི་རྒྱན་གོས། བཟའ་བཅའ་སོགས་འགྲེམས་སྟོན་རྒྱ་ཆེ་གནང་གཏན་འཁེལ་ཡོད་སྐོར་བཅས་གསུངས་ཡོད་འདུག །

གསར་འགོད་པ་བཀྲ་ཤིས་དོན་གྲུབ།