རྒྱ་གར་གྱིས་བོད་ཀྱི་གནད་དོན་ཐོག་ལ་སྲིད་བྱུས་གསར་པ་ཞིག་འཛིན་པའི་དུས་ལ་བབ་ཡོད་ཅེས་སྲིད་སྐྱོང་གིས་གསུངས་འདུག
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེས་རྒྱ་གར་གཞུང་ནས་“བོད་ཀྱི་གནད་དོན་ཐོག་སྲིད་བྱུས་གསར་པ་དང་སྲ་བརྟན་ཞིག་འཛིན་པའི་དུས་ལ་བབ་ཡོད་”ཅེས་གསུངས་འདུག
རྒྱ་གར་གྱི་རྒྱལ་ས་ལྡི་ལིར་རྟེན་གཞི་བྱས་པའི་འཚེ་མེད་ཞི་བའི་བསྟི་གནས་ཁང་(The Foundation for Non-violent Alternatives)གི་གོ་སྒྲིག་འོག ཕྱི་ལོ་༢༠༢༠ ཟླ་༩ ཚེས་༢༤ ཉིན་རྒྱ་དཀར་ནག་གི་འབྲེལ་ལམ་ཁྲོད་བོད་དང་འབྲེལ་བའི་སྲིད་བྱུས་ལ་བསྐྱར་ཞིབ་དགོས་པ་(Tibet in Sino-Indian Relations – the Need for a Policy Reappraisal ) ཞེས་པའི་དྲ་ཐོག་བགྲོ་གླེང་ཞིག་འཚོགས་པའི་སྟེང་། བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེངྒེ་དང་། <<བོད་ཀྱི་གནས་བབ་>>ཅེས་པའི་དཔེ་དེབ་ཀྱི་རྩོམ་པ་པོ་སྐུ་ཞབས་མེ་ཀལ་ཝན་ཝལ་ཊ་ཝན་པཱ་རག་(Dr. Michael van Walt van Praag)དང་། རྒྱ་གར་གྱི་ཨ་རུ་ན་ཅལ་མངའ་སྡེའི་སྲིད་སྐྱོང༌ཟུར་པ་དང་དམག་སྤྱི་ཟུར་པ་ཇེ་ཇེ་སིངྒ་(J.J.Singh) བཅས་ཀྱིས་བརྗོད་གཞི་དེའི་ཐོག་བགྲོ་གླེང་གནང་འདུག
དྲ་ཐོག་བགྲོ་གླེང་དེའི་སྟེང་སྲིད་སྐྱོང་བློ་བཟང་སེང་གེས་རྒྱ་གར་གིས་རྒྱ་ནག་ལ་བཟུང་བའི་སྲིད་བྱུས་དེ་འགྱུར་བ་བཏང་ནས་སྲིད་བྱུས་གསར་པ་ཞིག་འཛིན་དགོས་པའི་བསམ་ཚུལ་བཏོན་འདུག་སྟེ། ཁོང་གིས་“རྒྱ་དཀར་ནག་གི་འབྲེལ་ལམ་གྱི་ལོ་རྒྱུས་ལ་བལྟས་པ་ཡིན་ན། རྒྱ་གར་གྱི་སྲིད་བློན་ལཱལ་བྷ་ཧཱ་དུར་ཤཱསྟྲི་(Shri Lal Bahadur Shashtri) མཆོག་མ་གཏོགས། སྲིད་བློན་གཞན་ཚང་མས་རྒྱ་ནག་དང་མཉམ་དུ་བསྟུན་མཁས་གནང་ཡོད། རྒྱ་གར་གྱི་འགོ་ཁྲིད་ཚོས་རྒྱ་ནག་དང་ལྷན་དུ་ལོ་མང་བསྟུན་མཁས་གནང་ཡང་གྲུབ་འབྲས་གང་ཡང་སྟོན་རྒྱུ་མེད། དེར་བརྟེན་རྒྱ་གར་གྱི་ངོས་ནས་འདས་པའི་ཉམས་མྱོང་ལས་བསླབ་བྱ་བླངས་ཏེ་རྒྱ་ནག་དང་མཉམ་དུ་བསྟུན་མཁས་གནང་རྒྱུའི་ཚབ་ཏུ་འགྲན་བསྡུར་གནང་དགོས། ཨ་རི་དང་། ཡུ་རོབ་སྤྱི་མཐུན་ཚོགས་པ། ཉི་ཧོང་། ཨོ་སི་ཊི་ལི་ཡ་བཅས་ཀྱིས་རྒྱ་ནག་ལ་བསྟུན་མཁས་བྱེད་པའི་སྲིད་བྱུས་དེ་འགྲན་བསྡུར་བྱེད་པར་སྒྱུར་བཞིན་ཡོད། རྒྱ་གར་གྱིས་ཀྱང་དེ་ལྟར་གནང་དགོས་པའི་དུས་ལ་བབས་ཡོད་”ཅེས་གསུངས་འདུག
རྒྱ་གར་གྱི་མང་གཙོའི་ལམ་ལུགས་དང་སྣེ་ཁྲིད་དེ་འཛམ་གླིང་ནང་ཤིན་ཏུ་གལ་འགངས་ཆེ་བའི་ཐད་ལ། ཁོང་གིས་“འཛམ་གླིང་གི་རྒྱལ་ཁབ་ཚོས་རྒྱ་གར་གྱི་མང་གཙོ་ལྡན་པའི་ཡར་རྒྱས་ལམ་ལུགས་དང་། རྒྱ་ནག་གི་མང་གཙོ་མེད་པའི་ཡར་རྒྱས་ལམ་ལུགས་གཉིས་ལས་ཨེ་ཤི་ཡས་གང་ཞིག་འདེམས་མིན་བལྟས་ནས་ཡོད་“ཅེས་གསུངས་པ་དང་། རྒྱ་གར་“ཨེ་ཤི་ཡའི་མིག་དཔེ་ལྟ་ཡུལ་ཞིག་”ཡིན་པའི་ཆ་ནས་མང་གཙོ་སྲུང་སྐྱོབ་བྱེད་པའི་ཐོག་ལ་ནུས་ཤུགས་མང་ཙམ་བཏོན་ནས་ལྟ་བའི་དམག་འཁྲུག་འདི་ལས་རྒྱལ་ཁབ་ཐོབ་པ་བྱེད་དགོས་ཚུལ་བརྗོད་འདུག
གཞན་ཡང་། ཁོང་གིས་རྒྱ་གར་གཞུང་ནས་རྒྱ་གར་མི་མང་གི་མངོན་འདོད་དང་། གྲོས་ཚོགས་འཐུས་མི་༢༠༠ ཙམ་གྱིས་ཕུལ་བའི་ཞུ་ཡིག་དང་མཐུན་པའི་ཐོག་ནས་༧གོང་ས་མཆོག་ལ་བྷ་ར་ཏ་རཏྣ་ཞེས་པའི་རྒྱ་གར་གྱི་གཟེངས་རྟགས་མཐོ་ཤོས་དེ་འབུལ་དགོས་པའི་རེ་སྐུལ་ཞུས་པ་དང་། ༧གོང་ས་མཆོག་གིས་རྒྱ་གར་གྱི་དཔལ་ནཱ་ལེནྡྲའི་སེམས་ཁམས་རིག་པ་དང་། ཚད་མ་རིག་པའི་རྣམ་གཞག་གཙོ་བོར་གྱུར་བའི་ལྟ་གྲུབ་དེ་དག་བསྐྱར་གསོའི་སླད་དུ་རྡོ་རྗེ་གདན་དུ་ནཱ་ལེནྡྲའི་སློབ་གཉེར་བསྟི་གནས་ཁང་ཞིག་གསར་སྐྲུན་གནང་རྒྱུའི་དགོངས་གཞི་ཡོད་སྐོར་གསུངས་འདུག
དེ་བཞིན་རྒྱ་དཀར་ནག་གཉིས་ཀྱི་བར་དུ་འབྱུང་བཞིན་པའི་ས་མཚམས་ཀྱི་རྩོད་རྙོག་སྐོར་ལ། ཁོང་གིས་“རྒྱ་ནག་གིས་བོད་ཁོ་ཚོའི་གནད་དོན་གཙོ་བོ་ཡིན་ཞེས་ཟེར་བ་ལྟར། རྒྱུ་མཚན་མང་པོ་ཞིག་གི་ཐོག་ནས་བོད་རྒྱ་གར་གྱི་གནད་དོན་གཙོ་བོའང་ཆགས་ཡོད། དེ་བས་བོད་ཀྱི་གནད་དོན་དེ་ཅོག་ཙེའི་ཐོག་ཏུ་བཞག་ནས་གྲོས་མོལ་བྱེད་དགོས། བོད་ཀྱི་གནད་དོན་ལ་སྲིད་བྱུས་གསར་པ་དང་སྲ་བརྟན་ཞིག་དགོས་པའི་དུས་ལ་བབ་ཡོད་”ཅེས་ཀྱང་གསུངས་འདུག །
གསར་འགོད་པ་དཀོན་མཆོག་རབ་བརྟན།
