རྒྱ་གར་གྱི་གནད་ཡོད་མི་སྣ་མང་པོས་རྒྱ་གར་གཞུང་གིས་རྒྱ་ནག་གཅིག་གི་སྲིད་བྱུས་ལ་ངོ་རྒོལ་དང་བོད་དེ་རང་བཙན་རྒྱལ་ཁབ་ཅིག་ལ་ངོས་འཛིན་བྱེད་དགོས་བརྗོད།
རྒྱ་ནག་གཞུང་གིས་ཚད་ལྡན་གྱི་ས་ཁྲ་ཞེས་པ་ཞིག་འགྲེམས་སྤེལ་བྱས་ནས་ས་ཁྲ་དེའི་ནང་དུ་རྒྱ་གར་གྱི་ས་ཁུལ་ཁག་ཅིག་དང་ཐེ་ཝན་སོགས་ཀྱང་རྒྱ་ནག་གི་མངའ་ཁོངས་སུ་བསྡུས་ཡོད་པའི་སྐབས་དེར། རྒྱ་གར་གྱི་གནད་ཡོད་མི་སྣ་འགས་རྒྱ་གར་གཞུང་གིས་བོད་ནི་རང་བཙན་གྱི་རྒྱལ་ཁབ་ཡིན་པ་ཁྱབ་བསྒྲགས་བྱེད་དགོས་ཀྱི་འདུག་ཅེས་བརྗོད་ཡོད་པའི་གནས་ཚུལ་ཐོན་འདུག

ཟླ་འདིའི་ཚེས་༢༩ ཉིན་གསར་འགྱུར་བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་གསལ་ལྟར་ན། ཟླ་འདིའི་ཚེས་༢༨ ་ཉིན་རྒྱ་ནག་གཞུང་གིས་ཚད་ལྡན་ས་ཁྲ་ཞེས་པ་ཞིག་པར་དུ་བསྐྲུན་ནས་འགྲེམས་སྤེལ་བྱས་ཡོད་པ་དང་། ས་ཁྲ་དེའི་ནང་རྒྱ་གར་གྱི་བྱང་ཤར་ཨ་རུ་ན་ཅལ་མངའ་སྡེ་དང་(Aksai Chin) ཞེས་པའི་ས་ཁུལ་དག་རྒྱ་ནག་གི་མངའ་ཁོངས་སུ་བཅུག་ཡོད་འདུག ཕྱི་ལོ་༡༩༦༢ ལོར་རྒྱ་དཀར་ནག་གཉིས་ཀྱི་དམག་འཁྲུག་ལས་རྒྱ་གར་ལ་ཕམ་ཁ་ཆེན་པོ་བྱུང་ཞིང་། སྐབས་དེར་(Aksai Chin) ་ཞེས་པའི་ས་ཆ་དེ་རྒྱ་གར་གྱིས་རྒྱ་ནག་ལ་ཤོར་ཡོད་འདུག གཞན་ཡང་ས་ཁྲ་དེའི་ནང་ཐེ་ཝན་དང་རྩོད་གཞི་ཅན་གྱི་ལྷོ་རྒྱ་ནག་རྒྱ་མཚོའི་ས་ཁུལ་ཁག་གཅིག་ཀྱང་རྒྱ་ནག་གི་ཁོངས་གཏོགས་ཡིན་པ་བསྒྲུབ་ཡོད་འདུག
གནད་དོན་དེ་དང་འབྲེལ་ཟླ་འདིའི་ཚེས་༡༩ ཉིན་Business Today ཞེས་པའི་གསར་ཁང་གིས་གནས་ཚུལ་སྤེལ་བའི་ནང་། རྒྱ་གར་གྱི་དམག་སྤྱི་ཟུར་པ་(Ved Malik) ་ཡིས་རེས་གཟའ་མིག་དམར་ཉིན་རྒྱ་ནག་གཞུང་གིས་གཞུང་འབྲེལ་ས་ཁྲ་གསར་པ་ཞིག་འགྲེམས་སྤེལ་བྱས་ནས་ཨ་རུ་ན་ཅལ་མངའ་སྡེའི་བདག་དབང་རྩོད་པ་དེ་ཡིས་རྒྱ་ནག་གཞུང་ལ་ས་མཚམས་ཀྱི་དཀའ་རྙོག་སེལ་བའི་ཀུན་སློང་མེད་པ་མཚོན་གྱི་ཡོད་པས། རྒྱ་གར་གྱིས་བོད་རྙིང་པའི་གནས་བབ་ཁྱབ་བསྒྲགས་བྱས་ནས་རྒྱ་ནག་གཅིག་གི་སྲིད་བྱུས་དོར་ན་མི་འགྲིག་གམ་ཞེས་ཨེ་སིའམ་(X) ཊུ་ཝི་ཊར་དྲ་ཐོག་ཏུ་སྤེལ་འདུག

གཞན་ཡང་རྒྱ་གར་གྱི་མཚོ་དམག་གི་དམག་མི་རྒན་གྲས་(Pramod Tyagi) ཟེར་བ་ཞིག་གིས་རྒྱ་གར་གྱིས་རྒྱ་ནག་གཅིག་གི་སྲིད་བྱུས་ལ་རྒོལ་ལན་བྱས་ནས་བོད་དེ་རང་བཙན་རྒྱལ་ཁབ་ཅིག་ལ་ངོས་འཛིན་བྱེད་དགོས། རྒྱ་གར་གྱིས་སྒྲིག་ཁྲིམས་སྲུང་དགོས་པ་དང་གཞན་གྱིས་སྲུང་མི་དགོས་པའི་རྒྱུ་མཚན་ཅི་ཡིན་ནམ་ཞེས་ཁོང་གི་ཨེ་སིའམ་(X) ཊུ་ཝི་ཊར་དྲ་ཐོག་ཏུ་སྤེལ་འདུག
གཞན་ཡང་།(KM Paul)་ཟེར་བ་ཞིག་ཀྱིས་ཀྱང་། རྒྱ་གཞུང་གིས་ཨ་རུ་ན་ཅལ་དང་Aksai Chin བཅས་ས་ཁུལ་གཉིས་རྒྱ་གར་གྱི་ཆ་ཤས་ལ་ངོས་འཛིན་བྱེད་ཀྱི་མེད་པས། ང་ཚོས་ཅིའི་ཕྱིར་བོད་དང་ཐེ་ཝན་གཉིས་རྒྱ་ནག་གི་ཆ་ཤས་ལ་ངོས་འཛིན་བྱེད་དགོས་སམ་ཞེས་ཁོང་ཉིད་ཀྱི་ཨེ་སིའམ་(X) ཊུ་ཝི་ཊར་དྲ་ཐོག་ཏུ་སྤེལ་འདུག
རྒྱ་གར་གཞུང་གིས་ཕྱི་ལོ་༡༨༦༥ ལོའི་(Johnson) ་ས་ཐིག་ལ་གཞིར་བཞག་ནས་ཨ་རུ་ན་ཅལ་དང་(Aksai Chin) ་གྱི་ས་ཆ་ཡོངས་རྫོགས་རྒྱ་གར་གྱི་ཡིན་རབས་བརྗོད་ཡོད་འདུག གཞན་ཡང་ཝེ་ཐེ་ནམ་དང་ཧྥི་ལི་ཕིན། མ་ལི་ཤེ་ཡ་དང་བྷུ་རུ་ནེ། ཐེ་ཝན་བཅས་ལྷོ་རྒྱ་ནག་རྒྱ་མཚོའི་ཁུལ་གྱི་རྒྱལ་ཁབ་དག་གིས་ཀྱང་ལྷོ་རྒྱ་ནག་རྒྱ་མཚོའི་གནད་དོན་ཐད་རྒྱ་ནག་གི་འདོད་ཚུལ་ལ་ངོ་རྒོལ་བྱས་ཡོད་འདུག
ཟླ་འདིའི་ཚེས་༢༩ ཉིན་རྒྱ་གར་གྱི་ཕྱི་སྲིད་བློན་ཆེན་(Jaishankar) ་ཡིས་རྒྱ་ནག་གཞུང་གིས་ས་ཁྲ་དེ་འདྲ་འགྲེམས་སྤེལ་བྱས་པ་ཐེངས་དང་པོ་མིན་པར་ཕྱི་ལོ་༡༩༥༠ ཙམ་ལ་འགོ་བཙུགས་ཡོད་ཅེས་དང་། རྒྱལ་ཁབ་གཞན་གྱི་ས་ཆ་སོ་སོའི་ས་ཁྲའི་ཐོག་བྲིས་ནས་འགྲེམས་སྤེལ་བྱས་པ་དེ་རྒྱ་ནག་གི་གོམས་གཤིས་རྙིང་པ་ཞིག་རེད་ཅེས་བརྗོད་ཡོད་འདུག

ད་ལོ་སྟོབས་ཆེན་རྒྱལ་ཁབ་༢༠ ཡི་ལྷན་ཚོགས་ཐེངས་༡༨ པ་དེ་རྒྱ་གར་གྱི་གཙོ་སྐྱོང་འོག་ལོ་འདིའི་ཕྱི་ཟླ་༩ ཚེས་༩ ་ནས་ཉིན་གྲངས་གཉིས་ཀྱི་རིང་རྒྱ་གར་གྱི་རྒྱལ་ས་ལྡི་ལི་ལ་འཚོག་རྒྱུ་དང་། སྐབས་དེའི་ལྷན་ཚོགས་ཐོག་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིང་ཡང་བསླེབ་རྒྱུའི་ཚོད་དཔག་་བྱེད་ཀྱི་ཡོད་འདུག ལྷན་ཚོགས་མ་བསླེབས་གོང་གི་ཉིན་གྲངས་བཅུའི་སྔོན་དུ་རྒྱ་ནག་གཞུང་གིས་ཚད་ལྡན་གྱི་ས་ཁྲ་ཞེས་ས་ཁྲ་དེ་འགྲེམས་སྤེལ་བྱས་ཡོད་འདུག
ལོ་འདིའི་ཕྱི་ཟླ་༤ ་པའི་ནང་རྒྱ་ནག་གཞུང་གིས་རྒྱ་གར་གྱི་ཨ་རུ་ན་ཅལ་མངའ་སྡེའི་ས་ཁུལ་༡༡ གི་མིང་གསར་བཟོའམ་བཟོ་བཅོས་བྱས་ཏེ་ས་ཁུལ་དེ་དག་རྒྱ་གཞུང་གི་ཆ་ཤས་ཡིན་ལུགས་དྲིལ་བསྒྲགས་བྱས་ཀྱང་། སྐབས་དེར་རྒྱ་གར་གྱི་ཕྱི་སྲིད་ལྷན་ཁང་གི་མགྲིན་ཚབ་པས་ཨ་རུ་ན་ཅལ་ནི་ཁ་བྲལ་དུ་མི་རུང་བའི་རྒྱ་གར་གྱི་ས་ཆ་ཡིན་རབས་བརྗོད་ནས་རྒྱ་ནག་གཞུང་ལ་ལན་འདེབས་བྱས་ཡོད་པ་མ་ཟད། ཟླ་འདིའི་ཚེས་༡༤ ཉིན་འཕགས་བོད་ས་མཚམས་ཀྱི་གནད་དོན་དང་འབྲེལ་རྒྱ་དཀར་ནག་གཉིས་ཀྱིས་ལ་དྭགས་ཤར་ཕྱོགས་སུ་ཡོད་པའི་ཆུ་ཤུལ་དུ་གྲོས་མོལ་ཐེངས་༡༩ པ་དེ་བྱས་ཡོད་ཀྱང་། ཕྱོགས་གཉིས་ཀྱི་བར་བཟང་ཕྱོགས་ཀྱི་འགྱུར་བ་གང་ཡང་ཕྱིན་མེད་པ་རེད་འདུག།
གསར་འགོད་པ། བློ་བཟང་རྒྱ་མཚོ།