རྒྱ་གར་གྱི་ནད་པའི་ཁ་གྲངས་བྷི་ཟིལ་ལས་བརྒལ་ནས་འཛམ་གླིང་གི་ཨང་གཉིས་པར་གྱུར་བ། 

འདས་པའི་ཆུ་ཚོད་༢༤ ནང་རྒྱ་གར་དུ་ཝུའུ་ཧན་ཏོག་དབྱིབས་ནད་ཡམས་ཀྱི་ནད་པ་ཁྲི་༩ ལྷག་བྱུང་ནས་ཁྱོན་བསྡོམས་ཀྱི་ནད་པའི་གྲངས་ཚད་དེ་ས་ཡ་༤. ༢ ཟིན་པས། རྒྱ་གར་བྷི་ཟིལ་ལས་བརྒལ་ནས་འཛམ་གླིང་སྟེང་གི་ནད་པ་མང་ཤོས་ཨང་གཉིས་པར་གྱུར་འདུག 

དེ་ཡང་རྒྱ་གར་འཕྲོད་བསྟེན་ལས་ཁུངས་ནས་རེས་གཟའ་ཟླ་བའི་ཉིན་བཏོན་པའི་གྲངས་ཐོ་ལྟར་ན། ད་ལྟའི་ཆར་ཝུའུ་ཧན་ཏོག་དབྱིབས་ནད་ཡམས་ཁྱབ་གདལ་འགྲོ་སའི་ལྟེ་བར་གྱུར་བའི་རྒྱ་གར་དུ་འདས་པའི་ཆུ་ཚོད་༢༥ ནང་བརྟག་དཔྱད་བྱས་ནས་གཏན་འཁེལ་བའི་ནད་པ་གསར་པ་༩༠,༨༠༢ བྱུང་འདུག་པ་དང་། ཤི་བའི་གྲངས་ཚད་ཀྱང་༧༡,༠༠༠ ལྷག་ཟིན་པས། འཛམ་གླིང་སྟེང་གི་ཤི་གྲངས་མང་ཤོས་གསུམ་པར་གྱུར་འདུག 

སྲིད་བློན་མི་དྷིས་ཕྱི་ཟླ་༣ པའི་སྨད་དུ་མི་འབོར་ཐེར་འབུམ་༡.༣ ལྡན་པའི་རྒྱ་གར་དུ་འཛམ་གླིང་གི་ཁྱིམ་སྡོད་བཀའ་རྒྱ་ཆེ་ཤོས་དེ་བསྡམས་ནས་ནད་ཡམས་འགོག་ཐབས་བྱས་ཡོད། འོན་ཀྱང་། སྤྱི་ཚོགས་བརྡག་གསིག་དང་དཔལ་འབྱོར་ཉམས་གུད་ཤུགས་ཆེན་བྱུང་བར་བརྟེན། ནད་ཡམས་ཁྱབ་གདལ་འགྲོ་བའི་ཚད་དེ་ཤིན་ཏུ་ཛ་དྲག་ཏུ་གྱུར་ན་ཡང་། ཁྱིམ་སྡོད་བཀའ་རྒྱ་རིམ་གྱིས་ལྷོད་དུ་གཏོང་དགོས་བྱུང་ཡོད། 

ལོ་སྔོན་མའི་ཕྱི་ཟླ་༦ ནས་ཕྱི་ཟླ་༩ བར་གྱི་དཔལ་འབྱོར་འཕེལ་ཚད་དང་བསྡུར་ན། འདི་ལོར་རྒྱ་གར་གྱི་དཔལ་འབྱོར་འཕེལ་ཚད་དེ་བརྒྱ་ཆ་༢༣.༩༠ མར་ཆག་པ་དང་། དེ་ནི་དཔལ་འབྱོར་འཕེལ་རྒྱས་ཆེ་བའི་རྒྱལ་ཁབ་དག་གི་ཁྲོད་ནས་ཉམས་གུད་འགྲོ་ཆེ་ཤོས་དེ་ཡིན་འདུག 

རྒྱ་གར་བྷི་ཟིལ་ལས་བརྒལ་བའི་ཉིན་མོ་ཏག་ཏག་ལ། རྒྱ་གར་རྒྱལ་ཁབ་ཀྱི་ས་འོག་མེ་འཁོར་ཆེ་ཤོས་ཏེ་ལྡི་ལི་གསར་པའི་མེ་འཁོར་སླར་ཡང་གཏོང་བའི་འགོ་བརྩམས་པ་དང་སྦྲགས། མི་གྲངས་ལ་ཚད་ཡོད་པའི་ཆོས་ལུགས་བྱེད་སྒོ་དང་། རྩེད་མོའི་འགྲན་བསྡུར་འཚོགས་ཆོག་པ་བཟོས་པ་མ་ཟད། མི་འགྱངས་པར་ཆང་ཁང་དག་གི་སྒོའང་འབྱེད་རྒྱུ་ཡིན་འདུག 

ཇོན་སི-ཧོབ་ཁིན་མཐོ་སློབ་(Johns Hopkins University)ཀྱི་གྲངས་ཐོ་ལྟར་ན། འཛམ་གླིང་ནང་ད་བར་ཁྱོན་བསྡོམས་ནད་པ་ས་ཡ་ ༢༧ བྱུང་བ་ལས། ས་ཡ་ ༡༨ ལྷག་དྲག་སྐྱེད་བྱུང་བ་དང་། མི་ ༨༨༢,༠༠༠ ལྷག་ཤི་ཡོད་འདུག ། 

གསར་འགོད་པ་དཀོན་མཆོག་རབ་བརྟན།