རྒྱ་གར་གྱི་མི་སེར་ཐོབ་ཐང་བསྐྱར་བཅོས་ཀྱི་ཁྲིམས་ལ་མཱ་ལ་ཤཱི་ཡའི་སྲིད་བློན་གྱིས་སྐྱོན་བརྗོད།

གསར་དུ་གཏན་ལ་ཕབ་པའི་རྒྱ་གར་གྱི་མི་སེར་ཐོབ་བསྐྱར་བཅོས་ཀྱི་ཁྲིམས་ལ། རྒྱ་གར་རྒྱལ་ཡོངས་ནས་མི་འདོད་པའི་ངོ་རྒོལ་ཤུགས་ཆེན་བྱེད་བཞིན་པའི་སྐབས་འདིར། མཱ་ལ་ཤཱི་ཡའི་སྲིད་བློན་མ་ཧ་ཋར-མོ་ཧམ་(Mahathir Mohamad)གྱིས་ཁ་ཆེ་ལ་དབྱེ་འབྱེད་བྱེད་པའི་ཁྲིམས་གསར་པ་དེར“དགོས་པ”ཡོད་མེད་དོགས་འདྲི་བྱས་འདུག

དེ་ཡང་ཕྱི་ཟླ་ ༡༢ ཚེས་ ༢༠ ཉིན་མཱ་ལ་ཤཱི་ཡའི་སྲིད་བློན་མ་ཧ་ཋར-མོ་ཧམ་གྱིས་རྒྱལ་ཁབ་དེར་འཚོགས་བཞིན་པའི་ཁ་ཆེའི་རྒྱལ་ཁབ་རྣམས་ཀྱི་ཚོགས་ཆེན་ཞིག་གི་ཟུར་དུ་གསར་འགོད་པ་ཚོར་སྐད་ཆ་བྱེད་སྐབས། རྒྱ་གར་གྱི་མི་སེར་ཐོབ་ཐང་དང་འབྲེལ་བའི་ཁྲིམས་གསར་པ་ལ་སྐྱོན་བརྗོད་བྱས་འདུག

ཁོང་གིས་རྒྱ་གར་མི་མང་རྣམས་“ལོ་ངོ་ ༧༠ ལ་མཉམ་དུ་འཚོ་གནས”བྱས་ཡོད་དུས། མི་སེར་ཐོབ་ཐང་བསྐྱར་བཅོས་ཀྱི་ཁྲིམས་དེར“དགོས་པ”ཡོད་དམ་ཞེས་དོགས་འདྲི་བྱས་པའི་ཐོག “ཁྲིམས་འདི་ལ་བརྟེན་ནས་མི་རྣམས་འཆི་བཞིན་ཡོད། མི་ལོ་ ༧༠ རིང་ཁོ་ཚོ་དཀའ་ངལ་གང་ཡང་མེད་པར་མཉམ་དུ་འཚོ་གནས་བྱས་ཡོད་དུས། འདི་བྱེད་པའི་དགོས་པ་རྒྱུ་མཚན་ཅི་ཞིག་ཡོད་དམ”ཞེས་དྲིས་འདུག

རྒྱ་གར་གྱི་ཁྲིམས་གསར་པ་འདིའི་འོག ཁྱིམ་མཚེས་རྒྱལ་ཁབ་གསུམ་སྟེ་པ་ཀི་སི་ཐན་དང་། བྷང་ལ་དྷེ་ཤི། ཨབ་གྷ་ནི་ཐན་བཅས་ནས་ཆོས་ལུགས་ཀྱི་སྡུག་སྦྱོང་མནར་གཅོད་མྱངས་ནས་རྒྱ་གར་དུ་ཡོང་བའི་མི་མང་རྣམས་རྒྱ་གར་གྱི་མི་སེར་འགྱུར་རྒྱུ་སླ་རུ་ཕྱིན་ཡོད་རུང་། ཁ་ཆེ་རྣམས་ལོགས་སུ་ཕྱེ་ནས་རྒྱ་གར་གྱི་མི་སེར་དུ་འགྱུར་བའི་ལམ་བུ་དེ་མེད།

མི་མང་དང་ཤེས་ཡོན་པ་མང་པོ་ཞིག་གི་འདོད་མོས་ཡོད་མེད་ལ་མ་བལྟོས་པར་སྲིང་གཞུང་གིས་ཁྲིམས་འདི་གཏན་ལ་ཕབ་པར་བརྟེན། རྒྱ་གར་དུ་སྲིད་བློན་མོ་དྷི་དང་ཁོས་སྣེ་ཁྲིད་པའི་བྷི་ཇི་བྷི་སྲིད་གཞུང་གིས་རྒྱ་གར་ཧིན་དྷུའི་རྒྱལ་ཁབ་ཏུ་བསྒྱུར་ནས་ཁ་ཆེའི་མི་མང་ས་ཡ་ ༢༠༠ རྣམས་(རྒྱ་གར་གྱི་མི་འབོར་སྤྱིའི་བརྒྱ་ཆ་ ༡༤ ཙམ་ཡིན།)ལོགས་སུ་འཕུད་འདོད་ཡོད་པའི་འཇིགས་སྣང་དང་སེམས་འཚབ་ཆེན་པོ་འབྱུང་བཞིན་ཡོད་འདུག

གནད་དོན་དེ་དང་འབྲེལ་བའི་ཐོག་ལ། ལོ་ན་ ༩༤ ལ་སོན་པའི་མཱ་ལ་ཤཱི་ཡའི་སྲིད་བློན་ཁོང་གིས་ད་དུང་བརྗོད་དོན། “ངས་ཆོས་ལུགས་དང་མ་འབྲེལ་བའི་རྒྱལ་ཁབ་ཅིག་ཡིན་ཟེར་མཁན་རྒྱ་གར་གྱིས་སོ་སོའི་ཁ་ཆེའི་མི་མང་འགའ་ལ་མི་སེར་གྱི་ཐོབ་ཐང་མི་སྤྲོད་པའི་ལས་འགུལ་རྩོམ་བཞིན་པ་མཐོང་གི་འདུག་པར་དགོངས་དག་ཞུ་རྒྱུ་ཡིན། གལ་སྲིད་ང་ཚོས་དེ་ལྟར་བྱས་པ་ཡིན་ན། ཅི་ཞིག་འབྱུང་རྒྱུ་ཡིན་པ་ངས་བཤད་ཚོད་མི་ཐིག རྙོག་ཟིང་དང་ལྷིང་འཇགས་མེད་པར་གྱུར་ནས་མི་ཚང་མར་སྡུག་བསྔལ་འཕྲད་ཀྱི་རེད།”

ཁྲིམས་གསར་པ་དེ་དང་དེ་ལ་བརྟེན་ནས་རྒྱ་གར་རྒྱལ་ཡོངས་ཀྱི་གྲོང་ཁྱེར་ཆེ་ཁག་ཏུ་ངོ་རྒོལ་ཤུགས་ཆེན་བྱུང་དང་འབྱུང་མུས་སུ་ཡོད་པའི་གནས་ཚུལ་དེ། ད་ལྟ་འཛམ་གླིང་གི་གསར་འགྱུར་བརྒྱུད་ལམ་ཁག་གི་འགོ་བརྗོད་གཙོ་བོ་ཞིག་ཏུ་གྱུར་ཡོད་པའི་ཁར། ངོ་རྒོལ་གྱི་གཞི་རྒྱ་ཇེ་ཆེ་དང་ངོ་རྒོལ་བ་དང་ཉེན་རྟོག་པའི་བར་དུ་གདོང་ཐུག་ཇེ་དྲག་ཏུ་འགྲོ་བཞིན་ཡོད་སྟབས། ད་བར་མ་མཐར་ཡང་མི་མང་ ༢༠ ཙམ་གྱི་ཚེ་སྲོག་ཤོར་ཞིང་མི་མང་མང་པོ་ཞིག་ལ་རྨས་སྐྱོན་དང་འཛིན་བཟུང་ཐེབས་ཡོད་འདུག

གནད་དོན་འདིའི་ཐོག་ནས་རྒྱ་གར་གྱི་སྲིད་གཞུང་ལ་རྒྱལ་ཁབ་དང་ཚོགས་སྡེ་གཞན་རྣམས་ཀྱི་ཁ་རྡུང་དང་སྐྱོན་བརྗོད་ཕོག་ཡོད་འདུག་སྟེ། མཉམ་འབྲེལ་རྒྱལ་ཁབ་ཀྱིས་མི་སེར་ཐོབ་ཐང་བསྐྱར་བཅོས་ཀྱི་ཁྲིམས་དེ་ནི“དབྱེ་འབྱེད་ཀྱི་རང་བཞིན་ལྡན་པ”ཞིག་རེད་ཅེས་བཤད་འདུག་ལ། དེ་བཞིན་ཨ་རིའི་ཕྱི་སྲིད་ལས་ཁུངས་ནས་ཀྱང་རྒྱ་གར་ལ་ “ཆོས་ལུགས་ཀྱི་གྲངས་ཉུང་མི་མང་ཚོའི་ཐོབ་ཐང་སྲུང་སྐྱོབ་བྱེད་དགོས”ཞེས་བཤད་ཡོད་འདུག །

གསར་འགོད་པ་དཀོན་མཆོག་རབ་བརྟན།