རྒྱ་གར་གྱི་སྔོན་འགོག་སྨན་ཁབ་ལ་དོགས་སློང་བྱེད་མཁན་མང་པོ་ཡོད་འདུག 

རྒྱ་གར་ནང་དུ་སྔོན་འགོག་སྨན་ཁབ་གཉིས་ལ་ཆོག་མཆན་ཐོབ་ཡོད་པ་དང་། མི་མང་པོ་ཞིག་གིས་དགའ་བསུ་བྱེད་བཞིན་འདུག་ཀྱང་། རྒྱ་གར་གྱི་ཚོང་ལས་ཁང་ཞིག་གིས་བཏོན་པའི་སྨན་ཁབ་དེའི་ནུས་པ་ལ་དོགས་སློང་བྱེད་མཁན་ཆེད་ལས་པ་མང་པོ་ཡོད་འདུག དེ་བཞིན་ཕྱོགས་འགལ་སྲིད་དོན་མི་སྣ་ཚོས་ཀྱང་དོགས་སློང་བྱེད་བཞིན་འདུག 

ཟླ་༡ པོའི་ཚེས་༤ ཉིན་རྒྱལ་སྤྱིའི་བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་གསལ། ཚེས་༣ ཉིན་རྒྱ་གར་གྱི་སྨན་སྟངས་འཛིན་ལས་དོན་ཁང་གིས་རྒྱ་གར་ནང་དུ། ཏོག་དབྱིབས་སྔོན་འགོག་སྨན་ཁབ་གཉིས་མི་མང་ལ་རྒྱག་པའི་ཆོག་མཆན་སྤྲད་འདུག་པ་དང་། སྨན་ཁབ་དེ་གཉིས་ནས་གཅིག་ནི་དབྱིན་ཡུལ་གྱི་སྔོན་འགོག་སྨན་ཁབ་AstraZeneca Oxford ཡིན་འདུག་པ་དང་། སྨན་ཁབ་དེ་དབྱིན་ཡུལ་གྱི་ནང་དུ་ཡང་ཆོག་མཆན་ཐོབ་ཟིན་ཡོད་འདུག སྨན་ཁབ་དེ་དང་མཉམ་དུ་རྒྱ་གར་གྱི་ཚོང་ལས་ཁང་(Bharat Biotech) གིས་བཟོ་སྐྲུན་བྱས་པའི་Covaxin ཞེས་པའི་སྨན་ཁབ་དེར་ཡང་ཆོག་མཆན་སྤྲད་འདུག་པས། ཆེད་ལས་པ་མང་པོ་ཞིག་གིས་སྨན་ཁབ་དེ་ནི་མིའི་ཐོག་ཚོད་ལྟ་བྱེད་པའི་རིམ་པ་གསུམ་པ་མཇུག་བསྒྲིལ་མེད་ཁར། ནུས་པ་ཐོན་གྱི་ཡོད་པའི་གྲུབ་འབྲས་དཔང་རྟགས་གང་ཡང་མེད་པས། རྒྱ་གར་གྱི་སྨན་སྟངས་འཛིན་ལས་ཁང་ལ་དོགས་འདྲི་ཆེན་པོ་བྱེད་བཞིན་འདུག 

རྒྱ་གར་གྱི་འཕྲོད་བསྟེན་རྟོག་ཞིབ་རུ་ཁག་རྒྱ་གར་རྒྱལ་ཡོངས་སྨན་རྟོག་ཞིབ་འབྲེལ་མཐུད་ལས་ཁང་ཞེེས་པ་དེས། རྒྱ་གར་གྱི་ཚོང་ལས་ཁང་ནས་བཏོན་པའི་སྨན་ཁབ་དེས་ནུས་པ་ཐོན་གྱི་ཡོད་པའི་གྲུབ་དོན་དཔང་རྟགས་གང་ཡང་མེད་ཁར། གྲུབ་འབྲས་ཡིག་ཆ་ཕྱི་གསལ་ནང་གསལ་གང་ཡང་མེད་པ་དེས་སེམས་འཚབ་ཆེན་པོ་སློང་གི་ཡོད་པས། སྨན་ཁབ་དེར་ཆོག་མཆན་སྤྲད་པ་ནི་ཡིད་ཆེས་བྱེད་ཐུབ་ཀྱི་མེད་སྐོར་བརྗོད་འདུག 

རྒྱ་གར་གྱི་སྨན་སྟངས་འཛིན་ལས་དོན་ཁང་གི་འགན་འཛིན་གྱིས་(Covaxin) སྨན་ཁབ་ཀྱིས་ཏོག་ནད་སྔོན་འགོག་ནུས་པ་ཤུགས་ཆེན་པོ་སྤྲོད་ཀྱི་ཡོད་ཁར། དེའི་ཟུར་གནོད་ཀྱང་སྔོན་འགོག་སྨན་ཁབ་གཞན་ལྟར་ཚ་བ་ན་ཟུག་ཆུང་ཆུང་མ་གཏོགས་མེད་པས་བདེ་འཇགས་ལྡན་པ་ཡིན་ཁར། དབྱིན་ཡུལ་ནས་ཐོན་པའི་ཏོག་དབྱིབས་ནད་འབུ་ནང་གསེས་མི་འདྲ་བ་དེའི་ཐོག་ལ་ཡང་ནུས་པ་ཐོན་གྱི་ཡོད་སྐོར་བརྗོད་འདུག རྒྱ་གར་གྱི་སྲིད་བློན་མཱོ་རྡི་ཡིས་ཀྱང་གནད་དོན་དེ་ནི་དཀྱོག་མཚམས་གལ་གནད་ཅན་ཞིག་ཡིན་སྐོར་བརྗོད་ནས་བསྟོད་བསྔགས་བྱས་འདུག 

རྒྱ་གར་ལྷོ་ཕྱོགས་ཀྱི་སྨན་པའི་མཐོ་སློབ་ཀྱི་སློབ་དཔོན་ཞིག་གིས་ད་ལྟ་བར་སྔོན་འགོག་སྨན་ཁབ་དེས་ཏོག་དབྱིབས་ནད་དུག་འགོག་ཐུབ་ཀྱི་ཡོད་པའི་གྲུབ་དོན་དཔང་རྟགས་གང་ཡང་མེད་པ་དང་། ཏོག་དབྱིབས་ནད་འབུའི་ནང་གསེས་མི་འདྲ་བ་དེར་ཕན་གྱི་ཡོད་པའི་དཔང་རྟགས་དེ་བས་ཀྱང་མེད་སྐོར་བརྗོད་འདུག དེ་བཞིན་མིང་ཕྱིར་བསྒྲགས་བྱེད་འདོད་མེད་པའི་རྒྱ་གར་གཞུང་གི་ཉམས་ཞིབ་ཁང་ཞིག་གི་འགན་འཛིན་གྱིས། Covaxin སྨན་ཁབ་དེ་བདེ་འཇགས་ལྡན་པའི་ཡིན་སྲིད་ཀྱང་། དེ་ནུས་པ་ཐོན་ཡོད་པའི་དཔང་རྟགས་གང་ཡང་མེད་པས། ད་ལྟའི་ཆར་སྨན་ཁབ་དེ་ལོངས་སུ་སྤྱོད་མི་རུང་བ་དྲན་གྱི་ཡོད་སྐོར་བརྗོད་འདུག 

རྒྱ་གར་གྱིས་འདི་ལོའི་ཟླ་༨ པའི་སྔོན་དུ་མི་མང་ས་ཡ་༣༠༠ ལྷག་ལ་སྔོན་འགོག་སྨན་ཁབ་རྒྱག་ཐུབ་པའི་འཆར་གཞི་འཐེན་གྱི་ཡོད་འདུག་པ་དང་། དེ་ཡང་སྨན་པ་དང་སྨན་ཞབས་པ། ཉེན་རྟོག་པ། རྒན་རྒོན་སོགས་ལས་དོན་དང་ལོ་ན། ནད་གཅོང་གི་གནས་སྟངས་སོགས་ལ་གཞིགས་ནས་སྨན་ཁབ་རྒྱག་འཆར་ཡོད་པ་རེད་འདུག 

རྒྱ་གར་གྱི་ཕྱོགས་འགལ་སྲིད་དོན་ཚོགས་པའི་འགོ་ཁྲིད་ཁག་ཅིག་གིས། སྔོན་འགོག་སྨན་ཁབ་དེ་ནི་རིམ་པ་གསུམ་པ་མཇུག་མ་བསྒྲིལ་སྔོན་ནས་ཆོག་མཆན་སྤྲད་ཡོད་པས། རང་བཞིན་གྱིས་དོགས་འདྲི་ཆེན་པོ་སླེབས་ཀྱི་ཡོད་པ་དང་། སྨན་ཁབ་དེའི་ཚོད་ལྟའི་གྲུབ་དོན་གསལ་པོ་ཕྱིར་བསྒྲགས་དགོས་སྐོར་བརྗོད་འདུག་པས། རྒྱ་གར་གྱི་གཞུང་འཛིན་སྲིད་དོན་ཚོགས་པའི་འགོ་ཁྲིད་ཁག་ཅིག་གིས། འཛམ་གླིང་ཡོངས་ཀྱིས་རྒྱ་གར་ལ་དགའ་བསུ་བྱེད་བཞིན་ཡོད་ཀྱང་། ཕྱོགས་འགལ་སྲིད་དོན་ཚོགས་པའི་འགོ་ཁྲིད་དེ་ཚོས་རྒྱ་གར་གྱི་གྲུབ་འབྲས་ལ་རྩིས་མེད་གཏོང་བཞིན་པ་དེ་ནི་ཆབ་སྲིད་ཀྱི་དགོས་མཁོ་རྐྱང་པ་ལས་གང་ཡང་མིན་པའི་སྐྱོན་བརྗོད་བྱེད་བཞིན་འདུག །

གསར་འགོད་པ་སྐལ་བཟང་དོན་གྲུབ།