རྒྱ་གར་གྱིས་རྒྱ་ནག་གི་དངོས་ཟོག་ནང་འདྲེན་ལ་ཚད་བཀག
ཟླ་འདིིའི་ཚེས་༣ ཉིན་དབྱིན་ཇི་རོའུ་ཊར་གསར་ཁང་གིས་གནས་ཚུལ་སྤེལ་གསལ་ལྟར་ན། རྒྱ་གར་གཞུང་གིས་ས་གནས་ཀྱི་བཟོ་སྐྲུན་ལས་རིགས་ཡར་རྒྱས་གཏོང་ཆེད་དང་བདེ་འཇགས་ལ་དཀའ་ངལ་མི་འཕྲད་པའི་དོན་དུ། རྒྱལ་ཁབ་གཞན་ནས་གློག་ཀླད་སོགས་ནང་འདྲེན་བྱས་པར་ཁྲིམས་མཐུན་ལག་ཁྱེར་དགོས་པའི་གསལ་བསྒྲགས་སྤེལ་ཡོད་པའི་གནས་ཚུལ་ཐོན་འདུག

ཟླ་འདིའི་ཚེས་༣ ཉིན་རྒྱ་གར་གཞུང་གིས་རྒྱལ་ཁབ་གཞན་ནས་པང་ཐོག་གློག་ཀླད (Laptop) དང་གློག་ཀླད་(Computer)། དེ་བཞིན་ཊེ་པི་ལེ་ཊ་(Tablets) སོགས་རྒྱ་གར་ལ་ནང་འདྲེན་བྱེད་ཆོག་པའི་ཁྲིམས་མཐུན་ལག་ཁྱེར་དགོས་པའི་གསལ་བསྒྲགས་སྤེལ་ཡོད་འདུག གསལ་བསྒྲགས་སྤེལ་དགོས་པའི་རྒྱུ་མཚན་ནི་རྒྱ་གར་རྒྱལ་ནང་དུ་བཟོ་སྐྲུན་གྱི་ལས་རིགས་ཡར་རྒྱས་གཏོང་རྒྱུ་དང་། ལྷག་པར་དུ་རྒྱ་ནག་ནས་བཟོས་པའི་ཐོན་རྫས་དེའི་རིགས་ལ་བདེ་འཇགས་ཐད་སེམས་ཁྲལ་ཡོང་གི་ཡོད་པར་བརྟེན། དངོས་ཟོག་ནང་འདྲེན་ལ་ཚད་བཀག་བཟོས་པ་ཞིག་ཆགས་ཡོད་འདུག
ཟླ་འདིའི་ཚེས་༥ ཉིན་(The Indian EXPRESS) ཞེས་པའི་གསར་ཁང་གིས་གནས་ཚུལ་སྤེལ་གསལ་ལྟར་ན། ཕྱི་ལོ་༢༠༢༢ ནས་༢༠༢༣ བར་རྒྱ་གར་གྱིས་ཨ་སྒོར་ཐེར་འབུམ་༥.༣༣ ཡི་གློག་ཀླད་སོགས་རྒྱལ་ཁབ་གཞན་ནས་ནང་འདྲེན་བྱས་ཡོད་པའི་ཁྲོད། དངོས་ཟོག་བརྒྱ་ཆ་༧༥% ནི་རྒྱ་ནག་ནས་ནང་འདྲེན་བྱས་པ་ཞིག་ཆགས་ཡོད་འདུག
ཕྱི་ལོ་༢༠༢༠ ལོར་རྒྱ་གར་གཞུང་གིས་བརྙན་འཕྲིན་ནང་འདྲེན་བྱས་པར་དམིགས་བསལ་ལག་ཁྱེར་དགོས་པ་བཟོས་ཡོད་པ་མ་ཟད། ལོ་འདིའི་ཕྱི་ཟླ་༡༡ ཚེས་༡ ནས་གློག་ཀླད་སོགས་ནང་འདྲེན་བྱེད་པར་ལག་ཁྱེར་དགོས་ཀྱི་ཡོད་འདུག
རྒྱ་གར་གྱིས་གློག་ཀླད་སོགས་ནང་འདྲེན་བྱེད་ཆོག་པའི་ལག་ཁྱེར་དགོས་པའི་ཐག་གཅོད་དེ་ཡིས་ཀུ་ཤུ་བཟོ་ཚོང་ཁང་དང་(DELL) ་དང་དེ་བཞིན་(Samsung) བཟོ་ཚོང་ཁང་སོགས་ལ་ཤུགས་རྐྱེན་ཆེན་པོ་ཐེབས་སྲིད་པའི་གནས་ཚུལ་ཐོན་འདུག།
གསར་འགོད་པ། བློ་བཟང་རྒྱ་མཚོ།