རྒྱ་གར་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པས་༧གོང་ས་མཆོག་ལ་བྷ་རཏ་རཏ་ནའི་གཟེངས་རྟགས་འབུལ་དགོས་པའི་སྙན་ཞུ་རྒྱ་གར་གྱི་སྲིད་འཛིན་དང་སྲིད་བློན་གཉིས་ཀྱི་མཚན་ཐོག་ལ་འབུལ་འཆར་འདུག

བོད་དོན་ལ་རྒྱབ་སྐྱོར་མཚོན་ཆེད་དུ། རྒྱ་གར་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པས་རྒྱ་གར་གྱི་གྲོས་ཚོགས་འཐུས་མི་བརྒྱ་ཡི་རྒྱབ་སྐྱོར་ཐོབ་རྗེས། རྒྱ་གར་གྱི་སྲིད་འཛིན་དང་སྲིད་བློན་གཉིས་ཀྱི་མཚན་ཐོག་ལ་༧གོང་ས་མཆོག་ལ་རྒྱ་གར་གྱི་ཆེས་མཐོའི་མི་སེར་གཟེངས་རྟགས་བྷ་རཏ་རཏ་ན་༼Bharat Ratna༽ འབུལ་དགོས་པ་དང་། རྒྱ་གར་གྱི་གྲོས་ཚོགས་སུ་༧གོང་ས་མཆོག་གདན་ཞུ་ཡིས་བཀའ་སློབ་བཀའ་དྲིན་བསྩལ་འཇུག་དགོས་པའི་སྙན་ཞུ་ཞིག་འབུལ་འཆར་ཡོད་འདུག

པར། Firstpost

ཟླ་འདིའི་ཚེས་༨ ཉིན། རྒྱ་གར་གྱི་གསར་འགྱུར་བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་གསལ་ལྟར་ན། རྒྱ་གར་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་མི་ཚོས། བོད་དོན་ལ་རྒྱབ་སྐྱོར་མཚོན་ཆེད། ༧གོང་ས་མཆོག་ལ་རྒྱ་གར་གྱི་ཆེས་མཐོའི་མི་སེར་གཟེངས་རྟགས་༼Bharat Ratna༽ འབུལ་དགོས་པ་དང་། རྒྱ་གར་གྱི་གྲོས་ཚོགས་སུ་༧གོང་ས་མཆོག་གདན་ཞུ་གནང་ནས་བཀའ་སློབ་བསྩལ་འཇུག་དགོས་པའི་སྙན་ཞུ་ཞིག་རྒྱ་གར་གྱི་སྲིད་བློན་དང་སྲིད་འཛིན་གཉིས་ཀྱི་མཚན་ཐོག་ལ་འབུལ་འཆར་ཡོད་འདུག

ད་ལྟའི་ཆར་གྲོས་ཚོགས་འཐུས་མི་བརྒྱད་ཅུས་སྙན་ཞུ་དེར་རྒྱབ་སྐྱོར་གྱི་མཚན་རྟགས་བཀོད་ཟིན་པ་མ་ཟད། འཐུས་མི་འགའ་ཤས་ཀྱིས་རྒྱབ་སྐྱོར་མཚོན་ཆེད། བརྙན་ཐུང་བཟོས་ནས་བསྐུར་ཡོད་པ་དང་། ནམ་ཞིག་གྲོས་ཚོགས་འཐུས་མི་བརྒྱ་ཡིས་སྙན་ཞུ་དེར་མཚན་རྟགས་བཀོད་རྗེས། སྙན་ཞུ་དེ་རྒྱ་གར་གྱི་སྲིད་འཛིན་དང་སྲིད་བློན་གཉིས་ཀྱི་མཚན་ཐོག་ལ་འབུལ་རྒྱུ་ཡིན་འདུག

རྒྱ་གར་གྱི་གྲོས་ཚོགས་གོང་མའི་གྲོས་ཚོགས་འཐུས་མི་དང་རྒྱ་གར་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་ཟུར་སྐུ་ཞབས་ཇིཏ་ ཀུ་མར་༼Sujeet Kumar༽ མཆོག་གིས་ཉེ་ཆར་༧གོང་ས་མཆོག་གིས་༧རྒྱལ་དབང་སྐུ་ཕྲེང་རྒྱུན་མཐུད་ངེས་ཡིན་པའི་ཡོངས་ཁྱབ་གསལ་བསྒྲགས་གནང་བ་ལ་བསྔགས་བརྗོད་དང་།  ཁོང་གིས་ཡང་སྲིད་ངོས་འཛིན་གནང་རྒྱུའི་ཐད་རྒྱ་ནག་ལ་དབང་ཆ་གང་ཡང་མེད་པར་རྒྱ་གར་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པས་ཡིད་ཆེས་བརྟན་པོ་ཡོད་ཅེས་དང་། ཚོགས་པས་གྲོས་ཚོགས་ནང་ཚུད་པའི་སྡེངས་ཆ་འདྲ་མིན་ཐོག་བོད་དོན་དང་འབྲེལ་བའི་གནད་དོན་ཁག་གླེང་སློང་བྱ་རྒྱུའི་ཐག་གཅོད་བྱས་ཡོད་ཅེས་བརྗོད་འདུག

སྐུ་ཞབས་ཇིཏ ཀུ་མར་དང་ཁོང་གི་ཆབ་སྲིད་ཚོགས་པ་ནས་གྲོས་ཚོགས་འཐུས་མི་གཉིས། དེ་བཞིན་རྒྱ་གར་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཞོན་སྐུ་ཞབས་ཏ་པིར་ གྷའོ་སོགས། ལོ་འདིའི་ཕྱི་ཟླ་༦ པའི་ཚེས་༢ ནས་༤ བར། ཉི་ཧོང་དུ་འཚོགས་པའི་རྒྱལ་སྤྱིའི་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་ཆེན་ཐེངས་༩ པའི་ཐོག་མཉམ་ཞུགས་ཀྱང་གནང་ཡོད་འདུག

སྤྱིར་ན་ནིང་ཟླ་༡༢ ཚེས་༡༧ ཉིན། རྒྱ་གར་རྒྱལ་ས་ལྡི་ལི་རཱོ་ཡལ་གསོལ་མགྲོན་ཁང་དུ་རྒྱ་གར་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་སྐུ་ཞབས་བྷར་ཏུར་ཧ་རི་ མཱེ་ཏཱབ་ (Shri Bhartruhari Mahtab) མཆོག་དང་། ཚོགས་གཞོན་སྐུ་ཞབས་ཏ་པིར་ གྷའོ་ (Tapir Gao) མཆོག་རྣམ་པ་གཉིས་གཙོས་རྒྱ་གར་གྲོས་ཚོགས་གོང་འོག་གཉིས་ཀྱི་འཐུས་མི་ཁྱོན་༢༥ ལྷག་ཙམ་དང་། དཔལ་ལྡན་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་དང་། དཔལ་ལྡན་ཚོགས་གཞོན་སྒྲོལ་མ་ཚེ་རིང་མཆོག་རྣམ་གཉིས་ཀྱིས་གཙོས་པའི་བོད་མི་མང་སྤྱི་འཐུས་༢༩ བཅས་ལྷན་འཛོམས་ཐོག་རྒྱ་གར་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་འདུ་ཞིག་ཚོགས་ཡོད་པ་རེད། ཚོགས་འདུ་དེའི་ཐོག་རྒྱ་གར་སྲིད་དོན་ཚོགས་པ་འདྲ་མིན་ལ་བོད་དོན་ཞུ་སྐུལ་གནང་རྒྱུ། རྒྱ་གར་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ངོས་ནས་གྲོས་ཚོགས་ནང་བོད་དོན་སྐོར་གླེང་སློང་གནང་རྒྱུ། ལོ་རྒྱུས་ཐོག་བོད་དེ་རང་བཙན་གཙང་མའི་རྒྱལ་ཁབ་གཅིག་ཡིན་པ་དང་། ད་ལྟའི་ཆར་རྒྱ་ནག་དམར་གཞུང་གི་དབང་བསྒྱུར་བཙན་བཟུང་འོག་ཡོད་པར་ངོས་འཛིན་བྱུ་རྒྱུ་སོགས། གྲོས་ཆོད་དོན་ཚན་བཅུ་གཉིས་ཅན་ཞིག་གཏན་འབེབས་གནང་ཡོད་པ་རེད།

གསར་འགོད་པ། བློ་བཟང་རྒྱ་མཚོ།