རྒྱ་གར་དང་འབར་མའི་ས་མཚམས་སུ་རྭ་བ་བསྐོར་ནས་འབར་མའི་མི་རིགས་འགོག་ཐབས།
ད་ཆར་འབར་མ་ནང་དམག་མིའི་དབང་ཆ་གཅིག་བསྡུའི་སྲིད་གཞུང་དང་མི་མང་དང་བླངས་དམག་མི་བར་ནང་འཁྲུག་ཤོར་ནས་དམག་འཁྲུག་ཆེན་པོ་འབྱུང་བཞིན་ཡོད་འདུག་པ་དང་། རྒྱ་གར་དང་འབར་མའི་ས་མཚམས་སུ་ནང་འཁྲུག་བྱུང་ནས་རྒྱ་གར་ནང་སྐྱབས་བཅོལ་ཡོང་མཁན་དང་དམག་མི་བྲོས་ཡོང་མཁན་མང་པོ་འབྱུང་བཞིན་ཡོད་འདུག་པར་བརྟེན། ད་ཆར་རྒྱ་གར་གྱི་ནང་སྲིད་བློན་ཆེན་གྱིས་བརྗོད་དོན་ལ། མ་འོངས་རྒྱ་གར་དང་འབར་མའི་ས་མཚམས་སུ་རྭ་བ་བསྐོར་འདོད་ཡོད་པ་བརྗོད་འདུག

ཕྱི་ཚེས་༣༠ ་ཉིན་སྦི་སྦི་སི་གསར་ཁང་གིས་གནས་ཚུལ་སྤེལ་གསལ་ལྟར་ན། ད་ལྟའི་ཆར་འབར་མའི་ནང་དམག་མིའི་སྲིད་གཞུང་དང་མི་མང་དང་བླངས་དམག་མིའི་བར་ནང་འཁྲུག་ཤོར་ནས་ཟླ་བ་མང་པོ་འགྲོ་བཞིན་ཡོད་འདུག རྒྱ་གར་དང་འབར་མའི་བར་ཁྱོན་ས་ཆ་སྤྱི་ལེ་༡༦༤༣ ཙམ་ཡོད་ཅིང་། ས་མཚམས་དེ་དག་ནས་འབར་མའི་སྐྱབས་བཅོལ་བ་དང་དམག་ས་ནས་བྲོས་ཡོང་མཁན་རྣམས་རྒྱ་གར་ནང་འཛུལ་གྱི་ཡོད་པར་བརྟེན། ཕྱི་ནས་ཡོང་པའི་འབར་མའི་མི་མང་དག་གིས་རྒྱ་གར་བྱང་ཤར་ཁུལ་གྱི་ས་གནས་མི་མང་གི་ཐོབ་ཐང་དང་ལས་ཀ་སོགས་འཕྲོག་འགྲོ་ཡི་ཡོད་ཚུལ་དང་། ཁྲིམས་འགལ་གྱི་བྱ་སྤྱོད་མང་པོ་སྤེལ་གྱི་ཡོད་པར་བརྟེན། ཉེ་ཆར་རྒྱ་གར་བྱང་ཤར་ཁུལ་མེ་ཏིMeitei) ་ཟེར་བའི་མི་རིགས་ཤིག་དང་ཀོབ་ཀི་(Kuki) ་ཟེར་བའི་མི་རིགས་གཉིས་བར་རྩོད་རྙོག་བྱུང་ནས་མི་མང་བསད་རྨས་ཚབས་ཆེན་བྱུང་ཡོད་པ་དེ་འབར་མ་ནས་ཁྲིམས་འགལ་ཐོག་ནས་ཡོང་བའི་མི་དག་གིས་དོན་རྐྱེན་དེ་བཟོས་ཡོད་པ་རྒྱ་གར་གྱི་སྦི་ཇེ་པེ་སྲིད་དོན་ཚོགས་པས་བརྗོད་ཡོད་འདུག རྒྱ་གར་གྱི་མངའ་སྡེ་བཞི་འབར་མའི་ས་མཚམས་དང་ས་འདྲེས་ཆགས་ཀྱི་ཡོད་འདུག་པ་དང་། རྒྱ་གར་གྱི་ནང་སྲིད་བློན་ཆེན་(Amit Shah) གྱིས་བརྗོད་དོན་ལ། རྒྱ་གར་དང་འབར་མ་གཉིས་ཀྱི་ས་མཚམས་སུ་ལོ་དྲུག་རེའི་མཚམས་སུ་ས་མཚམས་སུ་མཐོང་མཆན་མི་དགོས་པའི་ཐོག་ནས་རང་དབང་ངང་འགྲོ་རྒྱུའི་གྲོས་མཐུན་འཇོག་གི་ཡོད་ཀྱང་། ད་ཆར་དེ་ལ་བསྐྱར་ཞིབ་བྱེད་རྒྱུ་ཡིན་པ་བརྗོད་འདུག གནད་དོན་དང་འབྲེལ་ནས་མཁས་པ་ཁག་ཅིག་གིས་བརྗོད་དོན་ལ། ད་བར་འབར་མ་དང་རྒྱ་གར་བར་ཞི་བའི་ངང་གནས་ཡོད་ཀྱང་། ས་མཚམས་སུ་རྭ་བ་བསྐོར་ན་ས་མཚམས་སུ་རྙོག་དྲ་སྔར་ལས་ཇེ་ཆེ་ཡོང་རྒྱུ་ཡིན་པ་བརྗོད་འདུག

འབར་མ་ནང་ཕྱི་ལོ་༢༠༢༡ ནས་དམག་མི་དང་མི་མང་དམངས་གཙོ་དོན་གཉེར་བ་བར་རྩོད་རྙོག་བྱུང་འགོ་བཙུགས་ཡོད་འདུག་པར་བརྟེན། འབར་མའི་མི་མང་ས་ཡ་གཉིས་ཙམ་གནས་གཞན་ལ་སྤོ་དགོས་བྱུང་ཡོད་འདུག། རྒྱ་གར་དང་འབར་མའི་ས་མཚམས་སུ་སྐྱབས་བཅོལ་བ་སྟོང་ཚོ་མང་པོ་ཡོང་དགོས་བྱུང་ཡོད་པ་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་བརྗོད་ཡོད་འདུག ལོ་སྔོན་མའི་ཕྱི་ཟླ་༧ ་ནང་རྒྱ་གར་གྱི་ཕྱི་སྲིད་བློན་ཆེན་(S Jaishankar) ་ཡིས་བརྗོད་དོན་ལ། ད་ཆར་རྒྱ་གར་དང་འབར་མ་གཉིས་ཀྱི་ས་མཚམས་ཀྱི་གནས་སྟངས་ཛ་དྲག་ཆགས་ཡོད་པ་དང་། ས་མཚམས་སུ་ཁྲིམས་འགལ་གྱི་སྨྱོས་རྫས་རིགས་ཀྱི་ཚོང་རྒྱག་མཁན་མང་པོ་ཡོད་པས། འབར་མི་དམག་མིའི་སྲིད་གཞུང་དང་རྒྱ་གར་གཞུང་གཉིས་ཀྱིས་ས་མཚམས་སུ་རྩོད་རྙོག་རིགས་མི་ཡོང་རྒྱུར་གཟབ་དགོས་པ་བརྗོད་འདུག ས་མཚམས་སུ་རྭ་བ་བསྐོར་རྒྱུ་ནི་རྒྱ་གར་གྱི་བདེ་འཇགས་ལ་ཉེན་ཁ་མི་ཡོང་བའི་ཆེད་དུ་ཡིན་འདུག གཞན་རྒྱ་གར་གྱི་མངའ་སྡེའི་ནང་བྱུང་བའི་རྩོད་རྙོག་ཁྲོད་(Kukis)ཟེར་བའི་མི་རིགས་དེ་ལ་འབར་མ་ནས་རྒྱབ་སྐྱོར་རག་གི་ཡོད་པ་དང་། རྭ་བ་བསྐོར་རྒྱུ་དེ་མི་མང་འགོག་ཐབས་གཅིག་པུའི་ཆེད་དུ་མ་ཡིན་པ། བྱང་ཤར་ཁུལ་གྱི་བདེ་འཇགས་ཆེད་དུ་ཡིན་པ་མིང་བརྗོད་འདོད་མེད་པའི་དམག་སྤྱི་ཟུར་པ་ཞིག་གིས་བརྗོད་ཡོད་འདུག དེ་བཞིན་འདས་པའི་ལོ་མང་རིང་རྒྱ་གར་གྱི་བྱང་ཤར་ཁུལ་དུ་གྱེན་ལོག་ཤོག་ཁག་མང་པོ་ཡོང་ནས་རྒྱ་གར་གཞུང་གི་དམག་མི་དང་གདོང་ཐུག་འབྱུང་གི་ཡོད་པ་དང་། གྱེན་ལོག་ཤོག་ཁག་དག་ལ་འབར་མ་ནས་གོ་མཚོན་དང་དཔལ་འབྱོར་གྱི་རོགས་རམ་རག་གི་ཡོད་པ་བརྗོད་འདུག སྤྱིར་བཏང་རྒྱ་གར་གྱི་བྱང་ཤར་ཁུལ་གྱི་མི་རིགས་མང་པོ་ཞིག་འབར་མའི་མི་རིགས་ཡིན་འདུག འོན་ཀྱང་། རྒྱ་གར་དང་འབར་མ་གཉིས་ཀྱི་ས་མཚམས་སུ་རྭ་བ་བསྐོར་རྒྱུ་ལས་སླ་པོ་ཞིག་ཡིན་མི་འདུག རྒྱུ་མཚན་ནི་ས་མཚམས་ཀྱི་ས་ཆ་མང་པོ་ཞིག་ལ་རི་དང་ཤིང་ནགས་ཧ་ཅང་མཐུག་པོ་ཡོད་པའི་རྐྱེན་གྱིས་ཁག་པོ་ཡིན་འདུག །
གསར་འགོད་པ། བསོད་ནམས་ཕུན་ཚོགས།
