རྒྱ་གར་བྱང་ཕྱོགས་སུ་ཆུ་ལོག་བྱུང་བར་༧གོང་ས་མཆོག་གིས་ཐུགས་གསོ་དང་གདུང་སེམས་མཉམ་སྐྱེད་གནང་འདུག
འདས་པའི་ཉིན་ཤས་ནང་རྒྱ་གར་བྱང་ཕྱོགས་ཀྱི་མངའ་སྡེ་ཨོའུ་ཌར་ཁན་(Uttarakhand) དུ་ཆུ་ལོག་གི་འཇིགས་པ་ཚབས་ཆེན་བྱུང་ནས་མ་མཐར་ཡང་མི་༤༦ གི་ཚེ་སྲོག་ཤོར་བར་བརྟེན། བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་༧གོང་ས་མཆོག་གིས་མངའ་དེ་གའི་བློན་ཆེན་དང་མི་མང་རྣམས་ལ་ཐུགས་གསོའི་གསུང་འཕྲིན་དང་གདུང་སེམས་མཉམ་སྐྱེད་གནང་འདུག
དེ་རིང་ཨོའུ་ཌར་ཁན་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་སྐུ་ཞབས་པུཤ་ཀར་སིངྒ་དྷ་མི་(Shri Pushkar Singh Dhami) ལ་བསྩལ་བའི་གསུང་འཕྲིན་ནང་། ༧རིན་པོ་ཆེ་མཆོག་གིས་“ངོས་ཀྱིས་རྐྱེན་ལམ་དུ་ཕྱིན་པ་རྣམས་ལ་མྱ་ངན་ཞུ་ཡི་ཡོད་ལ། དེ་བཞིན་ད་དུང་ཡང་ས་རོ་རྡོ་རོའི་འོག་ཏུ་ལུས་པའི་མི་རྣམས་ཀྱི་ཆེད་དུ་སྨོན་ལམ་འདེབས་ཀྱི་ཡོད་”ཅེས་གསུངས་འདུག
གཞན་ཡང་། གསུང་འཕྲིན་ནང་མངའ་སྡེའི་གཞུང་ནས་དཀའ་ངལ་འཕྲད་པའི་ཉམ་ཐག་རྣམས་ལ་རོགས་རམ་གང་ཐུབ་ཅི་ནུས་བྱེད་བཞིན་པར་ཡི་རང་བསྔགས་བརྗོད་དང་། གོད་ཆག་བྱུང་བའི་མི་མང་ལ་“གདུང་སེམས་མཉམ་སྐྱེད་”མཚོན་བྱེད་དུ་ཏཱ་ལའི་བླ་མ་དགེ་རྩ་ཚོགས་པ་བརྒྱུད་དེ་ཞལ་འདེབས་གནང་རྒྱུ་ཡིན་སྐོར་གསུངས་འདུག
ཉིན་གཉིས་ཀྱི་གོང་སྟེ། བདུན་ཕྲག་འདིའི་རེས་གཟའ་ཟླ་བའི་ཉིན་ཡང་༧རིན་པོ་ཆེ་མཆོག་གིས་ཆུ་ལོག་དང་ས་རུད་ཀྱི་གནོད་འཚེ་ཐེབས་པའི་རྒྱ་གར་ལྷོ་ཕྱོགས་ཀྱི་མངའ་སྡེ་ཀེ་ར་ལཱ་(Kerala) ཡི་མི་མང་ལ་ཐུགས་གསོ་དང་གདུང་སེམས་མཉམ་སྐྱེད་མཛད་ཡོད། །
གསར་འགོད་པ་དཀོན་མཆོག་རབ་བརྟན།