རྒྱ་གར་བྱང་ཤར་ཁུལ་དུ་སྡེ་གཟར་གྱི་དཀའ་ངལ།
རྒྱ་གར་གྱི་བྱང་ཤར་ཁུལ་དུ་ཚོ་པ་ཕན་ཚུན་འཁྲུག་འཛིང་ཤོར་ནས་མི་མང་བཅུ་ཕྲག་ཁ་ཤས་ཀྱི་ཚེ་སྲོག་ཤོར་ཡོད་པ་དང། ཟིང་འཁྲུག་གི་ཁྲོད་དུ་ཁང་པ་དང་མཆོད་ཁང་། མོ་ཊྲ་སོགས་གཏོར་བཤིག་བཏང་ཡོད་པ་མ་ཟད། ད་ལྟའི་ཆར་ཡུལ་མི་སྟོང་ཕྲག་མང་པོ་ཡུལ་གྱར་བ་འགྱུར་བཞིན་ཡོད་པའི་གནས་ཚུལ་ཐོན་འདུག

ཟླ་འདིའི་ཚེས་༨ ཉིན་བྷི་བྷི་སི་གསར་ཁང་གིས་གནས་ཚུལ་སྤེལ་གསལ་ལྟར་ན། བདུན་ཕྲག་སྔོན་མའི་ནང་མེ་ཏི(Meitei) ཞེས་པའི་ཚོ་པ་ཡིས་རིགས་རྒྱུད་སྲུང་སྐྱོབ་བྱེད་དགོས་པའི་རིགས་རྒྱུད་ཀྱི་ཐོ་གཞུང་དུ་འགོད་རྒྱུའི་རེ་འདུན་བཏོན་པའི་རྗེས། ཚོ་པ་གཞན་ཚོས་དགོས་འདུན་དེ་ལ་ངོ་རྒོལ་གྱི་ལས་འགུལ་སྤེལ་བའི་རྗེས་ཕྱོགས་གཉིས་བར་འཁྲུག་འཛིང་ཤོར་ཡོད་རབས་བརྗོད་འདུག
རྒྱ་གར་གྱི་(DNA) ཞེས་པའི་གསར་ཁང་གིས་བརྗོད་གསལ་ལྟར་ན། མེ་ཏི་ཞེས་པའི་ཚོ་པ་དེས་མ་ནིར་པུ་ཡི་མི་འབོར་བརྒྱ་ཆ་༥༣% ཟིན་ཡོད་ན་ཡང་། ཁོ་ཚོ་སྲུང་སྐྱོབ་བྱེད་དགོས་པའི་རིགས་རྒྱུད་ཚོ་པའི་ཐོ་གཞུང་ནང་མེད་པའི་དབང་གིས་མ་ནིར་པུ་མངའ་སྡེའི་ས་ཆ་བརྒྱ་ཆ་༡༠% ཙམ་ལས་བདག་གི་མེད་ཅིང་། མངའ་སྡེ་དེའི་ནང་གི་ས་ཆ་བརྒྱ་ཆ་༩༠% ཙམ་ནི་རི་ཤས་ཆེ་བའི་ས་ཁུལ་ཡིན་པའི་ཁར། ཁོང་ཚོ་གནས་སྡོད་བྱེད་ས་ནི་ལུང་གཤོངས་སུ་ཆགས་ཡོད་འདུག མངའ་སྡེའི་ཁྲིམས་ལུགས་གཞིར་བཟུང་ན། མེ་ཏི་ཞེས་པའི་ཚོ་པས་རི་ཤས་ཆེ་བའི་ས་ཆ་ཉོ་ཆོག་གི་མེད་པ་རེད་འདུག
གལ་སྲིད་མེ་ཏི་ཚོ་པ་དེ་ཉིད་སྲུང་སྐྱོབ་བྱེད་དགོས་པའི་རིགས་རྒྱུད་ཚོ་པའི་ཐོ་གཞུང་ནང་དུ་ཚུད་ན། ཁོང་ཚོ་ལ་གཞུང་གི་ལས་ཀ་དང་སློབ་གཉེར་ཁང་སོགས་སུ་དམིགས་བསལ་གྱི་ས་མིག་ཐོབ་ཀྱི་ཡོད་པ་མ་ཟད། རི་ཤས་ཆེ་བའི་ས་ཆ་ཉོ་རྒྱུའི་ཁེ་སང་རག་གི་ཡོད་འདུག
མངའ་སྡེ་དེའི་ནང་གི་མི་འབོར་བརྒྱ་ཆ་༤༠% ཙམ་ཞིག་ནི་ན་ག་དང་ཀོབ་ཀེ་ཞེས་པའི་ཚོ་པའི་མི་ཆགས་ཀྱི་ཡོད་པ་དང་། ཁོང་ཚོས་ས་ཆ་དང་བདག་དབང་མང་པོ་ཞིག་མེ་ཏི་ཚོ་པ་ལ་ཤོར་བའི་ཞེད་སྣང་བྱེད་ཀྱི་ཡོད་འདུག
མངའ་སྡེ་དེའི་ནང་དུ་ཚོ་པ་ཕན་ཚུན་གསོད་རེས་བྱས་ཤིང་། ཁང་པ་དང་རླངས་འཁོར་སོགས་མེར་བསྲེག་བཏང་བ་སོགས་ཟིང་འཁྲུག་ཧ་ཅང་ཆེན་པོ་ལངས་པའི་རྐྱེན་གྱིས་འདས་པའི་ཉིན་ཁ་ཤས་ཀྱི་སྔོན་ནས་རྒྱ་གར་གཞུང་གིས་ཟིང་འཁྲུག་ལངས་སའི་ཁུལ་དུ་དམག་མི་འགྲིམས་འཇོག་བྱས་ཤིང་། རྫོང་ཁག་བརྒྱད་ཀྱི་ནང་དུ་ཐེེམ་སྤང་བཀའ་རྒྱ་བཏང་ཡོད་འདུག་ལ། འདས་པའི་ཉིན་གྲངས་ལྔའི་རིང་མངའ་སྡེའི་ནང་དུ་དྲྭ་རྒྱ་བཀག་སྡོམ་ཡང་བྱས་ཡོད་འདུག
ཟླ་འདིའི་ཚེས་༨ ཉིན་(CNN) གསར་ཁང་གིས་གནས་ཚུལ་སྤེལ་གསལ་ལྟར་ན། ཟིང་འཁྲུག་གི་ཁྲོད་དུ་ད་བར་མི་གྲངས་༥༥ འདས་གྲོངས་སུ་ཕྱིན་ཡོད་པ་དང་། མི་གྲངས་ཁྲི་༢ དང་སུམ་སྟོང་ལྷག་ས་གནས་གཞན་དུ་སྤོས་ནས་ཡུལ་གྱར་བ་འགྱུར་བཞིན་ཡོད་པའི་གནས་ཚུལ་སྤེལ་འདུག།
གསར་འགོད་པ། བློ་བཟང་རྒྱ་མཚོ།