རྒྱ་གར་ལྷོ་ཕྱོགས་སུ་དར་དཀར་པོའི་ལས་འགུལ་སྤེལ་སོང་།

ཟླ་འདིའི་ཚེས་༡༨ ཉིན་རྒྱ་གར་ལྷོ་ཕྱོགས་སྤེལ་ཀོབ་ལ་དར་དཀར་པོའི་ལས་འགུལ་ཞིག་སྤེལ་སོང་ལ། ལས་འགུལ་དེ་ནི་ཚོགས་པ་དང་སྒྲིག་འཛུགས་གང་གིས་གོ་སྒྲིག་བྱས་པ་ཞིག་མ་ཡིན་པ་མི་མང་གི་ཁྲོད་ནས་མ་བསྐུལ་དང་བླངས་ཀྱིས་སྤེལ་བ་ཞིག་ཆགས་ཡོད་འདུག

དར་དཀར་པོའི་ལས་འགུལ་སྣེ་ཁྲིད་པ་ཚོས་གསར་འགོད་བསྒྲགས་གཏམ་ཞིག་སྤེལ་བའི་ནང་དུ། ཉེ་ཆར་རྒྱ་ནག་གུང་ཁྲན་གྱིས་ལྐོག་ནས་དྲ་འབུ་རྫུན་མ་མང་པོ་མི་ཆ་ལག་སྦྲེལ་གྱིས་༧གོང་ས་མཆོག་གིས་ཐུགས་བྱམས་བརྩེའི་གནང་སྟངས་འགའ་ཞིག་ཆགས་སྲེད་ཡིན་སྐོར་འགྲེལ་བརྗོད་ལོག་པར་སྤེལ་ཏེ། འཛམ་གླིང་གི་གསར་ཁང་གྲགས་ཅན་མང་པོས་ཀྱང་མ་བརྟགས་མ་དཔྱད་པར། དེའི་རྗེས་སུ་འབྲངས་ནས་མཚན་སྨད་སྒྲོ་སྐུར་ཚད་ལས་བརྒལ་བ་ཞུས་པར་ང་ཚོས་མཐའ་གཅིག་ཏུ་ངོ་རྒོལ་བྱེད་ཀྱི་ཡོད་ཅེས་འཁོད་འདུག་ལ། ངོ་རྒོལ་བྱེད་དགོས་དོན་ཡང་། ༧གོང་ས་མཆོག་གིས་ད་བར་འཛམ་གླིང་ཞི་བདེ་དང་། ཆོས་ལུགས་འཆམ་མཐུན། འགྲོ་བ་མིའི་རིགས་སྤྱིའི་བདེ་དོན་དང་རྡུལ་ཕྲན་མཚོན་ཆ་སྙུང་འཕྲིའི་ཕྱག་ལས་སོགས། བྱམས་བརྩེས་ཀུན་ནས་བསླངས་ཏེ། གཞན་ལ་ཕན་ཐབས་ཁོ་ན་མཛད་པ་མ་གཏོགས་སུ་ལ་ཡང་མཐོང་ཆུང་དང་ཁྱད་གསོད། གནོད་པའི་ལས་ཀ་ཕྲ་མོ་ཙམ་ཡང་གནང་མྱོང་མེད་ཅིང་། དགུང་ལོ་༨༧ བརྒལ་བ་ཁོང་ཉིད་ཀྱིས་སྐུ་ཚེ་ཧྲིལ་པོ་ཚངས་སྤྱོད་ཡང་དག་པའི་རྟེན་ལ་ཉམས་བཞེས་ཚད་མེད་པ་གནང་ནས་བཞུགས་བཞིན་པ་ཡིན་སྟབས་ཆགས་སྲེད་ཀྱི་ལས་ལ་འཇུག་པ་ནི་དེ་བས་ཀྱང་མི་སྲིད་པ་ཞིག་ཡིན་པ་དང་། ཁོང་གིས་རྒྱུན་དུ་མི་མཐོ་དམན་དྲག་ཞན་དང་། མི་རིགས་དཀར་ནག་སོགས་ཀྱི་དབྱེ་བ་གཏན་ནས་མེད་པར། ཀུན་ལ་མཛའ་བརྩེ་གཅིག་པ་གནང་བར་མ་ཟད། སུ་དང་ཐུག་ན་ཡང་སྐུ་རྩེད་གནང་བ་ལྟར། ཐེངས་འདིར་ཡང་སློབ་ཕྲུག་དེ་ལ་ཐུགས་བརྩེ་ཆེན་པོས་སྐུ་རྩེད་གནང་བ་རང་རེད་ཅེས་འཁོད་འདུག

ཐེངས་འདིའི་ལས་འགུལ་གྱི་ནང་དུ་དགེ་འདུན་པ་དང་བཙུན་མ། དེ་བཞིན་ས་གནས་མི་མང་སོགས་མི་བརྒྱ་ཕྲག་མང་པོས་མཉམ་ཞུགས་བྱས་ཡོད་འདུག

དར་དཀར་པོའི་ལས་འགུལ་འདིའི་དགོས་དོན་དོན་ཚན་བཞི་བཏོན་ཡོད་པ་དག་ནི་༧གོང་ས་མཆོག་དང་འབྲེལ་བའི་བརྙན་ཐུང་ངོ་མའི་ཆ་ཤས་ཤིག་བཅད་གཏུབ་བཟོ་སྒྲིག་བྱས་ཏེ། ཆགས་སྲེད་དང་འབྲེལ་བའི་ལོག་འགྲེལ་ཚད་ལས་བརྒལ་བ་བྱས་པ་ནི་རྒྱ་ནག་གུང་ཁྲན་གྱི་ལོག་བསྒྲགས་ཉག་ཅིག་ཡིན་པར་ངོས་འཛིན་དང་རྒྱ་ནག་གུང་ཁྲན་གྱིས་དེར་དགོངས་དག་ཞུ་དགོས་ཞེས་དང་། ༧གོང་ས་མཆོག་གིས་སྐུ་རྩེད་གནང་སྟངས་དེ། ནུབ་ཕྱོགས་པའི་སྤྱི་ཚོགས་སུ་བདེ་པོ་མེད་པ་བདེན་ཡང་། ང་ཚོའི་རིག་གཞུང་ནས་རྒས་རྒོན་ཚོས་ཕྲུ་གུ་ཚོར་བྱམས་སྐྱོང་གནང་སྟངས་མི་འདྲ་ཞིག་ཡིན་པ་ལས། དེ་ཆགས་སྲེད་དང་འབྲེལ་བ་གཏན་ནས་ངོས་འཛིན་བྱེད་སྲོལ་མེད་ཅིང་། མང་ཚོགས་ཀྱི་ཁྲོད་ན་ཨ་མས་འོ་མ་སྣུན་སྐབས་ནུ་མ་འགེབས་སྲོལ་མེད། གོམས་སྲོལ་སྣ་ཚོགས་ཡོད་པ་ལ་མཐོང་རྒྱ་ཆེ་ཙམ་དང་གཞན་གྱི་ལམ་སྲོལ་ལ་བརྩི་བཀུར་གནང་རོགས་ཞུ་ཞེས་དང་། ལོག་བཤད་སྤེལ་བ་དེ་ལ་འཛམ་གླིང་གི་གསར་ཁང་ཆེ་གྲས་མང་པོས་ཀྱང་མ་བརྟགས་མ་དཔྱད་པར། ཆུ་སྣ་གར་ཁྲིད་བྱས་ནས་སྤེལ་འདུག་པས་ངེས་པར་དུ་གསར་ཁང་ཁག་གིས་༧གོང་ས་མཆོག་ལ་མཚན་སྨད་ཞུས་ཤོར་སོང་བ་ལ། བདེན་པ་ར་སྤྲོད་ཀྱི་གསལ་བཤད་དང་སྦྲགས་དགོངས་དག་ཞུ་དགོས་པའི་རེ་འདུན་འདོན་བཞིན་ཡོད་ཅེེས་དང་། རྒྱ་ནག་གུང་ཁྲན་གྱིས་འཛམ་གླིང་ས་ཕྱོགས་གང་སར་འདྲེ་ལག་རྐྱོང་བཞིན་ཡོད་པས་གསར་ཁང་ཁག་དང་། དྲ་དཔོན་དང་དྲ་གྲགས་སོགས་སྤྱི་སྒེར་ཚང་མས་གུང་ཁྲན་གྱི་གཡོ་འོག་ཏུ་མ་ཚུད་པ་གནང་རོགས་ཞེས་འབོད་སྐུུལ་ཞུ་བཞིན་ཡོད་བཅས་འཁོད་འདུག

ཐེངས་འདིའི་ལས་འགུལ་གྱི་སྣེ་ཁྲིད་པ་སེར་བྱེས་འདན་མ་དགེ་བཤེས་ངག་དབང་སྟོབས་ལྡན་གྱིས་དར་དཀར་པོའི་ལས་འགུལ་ཞེས་པའི་མིང་གི་མཚོན་དོན་ནི་༧གོང་ས་མཆོག་ནི་སྐྱོན་གྱི་དྲི་མས་མ་གོས་པར་མཚོན་པ་དང་། ལས་འགུལ་འདི་ཀུན་སློང་བཟང་ཞིང་ཆིག་སྒྲིལ་ནུས་པ་མཚོན་པ་མ་ཟད། ལས་འགུལ་འདི་འཚེ་བ་མེད་པའི་ཞི་བདེ་ལས་བཟང་ཞིག་ཡིན་པ་མཚོན་ཞེས་འགྲེལ་བརྗོད་གནང་སོང་།

གསར་འགོད་པ། བློ་བཟང་རྒྱ་མཚོ།