རྒྱ་དཀར་ནག་གཉིས་བར་ས་མཚམས་རྩོད་རྙོག་ཡོད་མེད་ལ་མ་ལྟོས་པར་ཚོང་འབྲེལ་སྔར་ལས་ཇེ་ཆེ།

ད་ཆར་རྒྱ་དཀར་ནག་གཉིས་བར་ཧིན་བོད་ས་མཚམས་ཀྱི་རྩོད་རྙོག་ག་ཚོད་ཡོད་ཀྱང་། ཚོང་འབྲེལ་སྔར་ལས་ཇེ་ཆེར་འགྲོ་བཞིན་ཡོད་འདུག་ལ། རྒྱ་གར་གྱིས་རྒྱ་ནག་གི་དངོས་ཟོག་ལ་སྔར་ལས་མང་དུ་བརྟེན་དགོས་འབྱུང་བཞིན་ཡོད་འདུག

ཕྱི་ཚེས་༢༩ ཉིན་རྒྱ་གར་གྱི་(firstpost )གསར་ཁང་གིས་གནས་ཚུལ་སྤེལ་གསལ་ལྟར་ན། ད་ཆར་རྒྱ་དཀར་ནག་གཉིས་བར་ཧིན་བོད་ས་མཚམས་ཀྱི་རྩོད་རྙོག་ཡོད་མེད་ལ་མ་ལྟོས་པར་ཚོང་འབྲེལ་སྔར་ལས་ཇེ་ཆེ་དང་དངོས་ཟོག་གི་གྲངས་དང་དབྱེ་བ་ཡང་མང་དུ་འགྲོ་བཞིན་ཡོད་འདུག འདས་པའི་ལོ་ལྔའི་ནང་རྒྱ་གར་གྱིས་རྒྱ་ནག་ནས་ཁྱོན་ཨ་སྒོར་ཐེར་འབུམ་༣༩༧ གྱིས་དངོས་ཟོག་ཉོས་ཡོད་འདུག་པ་དང་། དངོས་ཟོག་མང་ཤོས་ནི་འཕྲུལ་རིགས་ཡིན་འདུག ཕྱི་ལོ་༢༠༠༩ ནང་རྒྱ་གར་གྱིས་རྒྱ་ནག་ནས་དངོས་ཟོག་ནང་འདྲེན་བྱས་པའི་བརྒྱ་ཆ་ནི་༢༡ ཡིན་འདུག་པ་དང་། ད་ལྟ་རྒྱ་ནག་ནས་དངོས་ཟོག་ནང་འདྲེན་བྱས་པའི་བརྒྱ་ཆ་ནི་༣༠ ཟིན་གྱི་ཡོད་འདུག རྒྱ་གར་གྱིས་ནང་འདྲེན་བྱེད་ཀྱི་ཡོད་པའི་དངོས་ཟོག་གི་ཁྲོད་ནས་མང་ཤོས་ནི་གློག་ཆས་རིགས་ཡིན་འདུག་པ་དང་། གློག་ཆས་ཀྱི་རིགས་བརྒྱ་ཆ་༤༣་༩་དང་། རྒྱ་གར་གྱི་འཕྲུལ་རིགས་བརྒྱ་ཆ་༣༩་༧ རྒྱ་ནག་ནས་ཉོ་ཡི་ཡོད་འདུག རྒྱ་གར་གྱིས་རྒྱ་ནག་ནས་དངོས་ཟོག་མང་པོ་དེ་འདྲ་ཉོ་དགོས་དོན་ནི། གཅིག་ནི་རྒྱ་གར་ལ་མཚོན་ན་རྒྱ་ནག་ལས་དངོས་ཟོག་ཉོ་སའི་རྒྱལ་ཁབ་གཞན་གདམས་ཀ་མེད་པ་དང་། གཉིས་ནི་རྒྱ་ནག་གིས་དངོས་ཟོག་མང་པོ་ཞིག་དུས་ཐོག་ཏུ་བཟོ་སྐྲུན་བྱེད་ཐུབ་ཀྱི་ཡོད་པ། གསུམ་ནི་དངོས་ཟོག་གི་རིན་གོང་ཆུང་ཆུང་ཡིན་པའི་རྐྱེན་གྱིས་རྒྱ་གར་གྱིས་དངོས་ཟོག་མང་པོ་རྒྱ་ནག་ལས་ཉོ་ཡི་ཡོད་འདུག དེ་བཞིན་རྒྱ་ནག་ནས་རྒྱ་གར་གྱི་སྨན་བཟོ་བྱེད་ཀྱི་རྒྱུ་ཆ་མང་པོ་ཉོ་ཡི་ཡོད་འདུག དཔེར་ན། ཚ་བའི་སྨན་དང་ཟུག་བཅག་སྨན་སོགས་རྒྱ་ནག་ནས་ཕོན་ཆེན་པོ་ཉོ་ཡི་ཡོད་འདུག་པ་དང་། སྨན་དེ་ཚོ་ཡང་རྒྱལ་ཁབ་གཞན་ནས་ཉོས་པ་དང་རྒྱ་ནག་ནས་ཉོས་པ་གཉིས་བསྡུར་ན་རྒྱ་ནག་ནས་ཉོ་དུས་གོན་ཆུང་བ་ཡོད་པའི་རྐྱེན་གྱིས་རྒྱ་ནག་ནས་ཉོ་ཡི་ཡོད་འདུག ཏོག་དབྱིབས་ནད་དུག་སྐབས་སུ་རྒྱ་གར་གྱིས་(API)ཟེར་བའི་སྨན་དེའི་རྒྱུ་ཆ་བརྒྱ་ཆ་༨༠ རྒྱ་ནག་ནས་ཉོ་ཡི་ཡོད་འདུག་ཀྱང་། ཕྱིས་སུ་རྒྱ་གར་གཞུང་གིས་རྒྱ་ནག་ནས་ཉོ་རྒྱུ་ཉུང་དུ་བཏང་ནས་བརྒྱ་ཆ་༦༨ བར་མར་ཆག་ཡོད་འདུག ད་ཆར་རྒྱ་དཀར་ནག་གཉིས་བར་ཧིན་བོད་ས་མཚམས་ཀྱི་རྩོད་རྙོག་ཡོད་མེད་ལ་མ་ལྟོས་པར་ཚོང་འབྲེལ་སྔར་ལས་ཇེ་ཆེ་དང་། དངོས་ཟོག་ཁ་གྲངས་མང་དུ་འགྲོ་བཞིན་ཡོད་འདུག ཉེ་ཆར་རྒྱ་ནག་གི་མགྲིན་ཚབ་པས་ཧིན་བོད་ས་མཚམས་དང་འབྲེལ་ཏེ་རྒྱ་གར་དང་རྒྱ་ནག་གཉིས་བར་ཕན་ཚུན་གཉིས་མོས་ཀྱི་ཐོག་ནས་གུས་བཀུར་བྱས་ན་ཕྱོགས་གཉིས་ཀྱི་འདོད་དོན་འགྲུབ་ཐུབ་པ་དང་། ས་མཚམས་དང་གོ་ལ་སྤྱི་ཡོངས་ཀྱི་ཞི་བདེ་ལ་ཕན་ཐོགས་ཀྱི་རེད་ཅེས་བརྗོད་འདུག འོན་ཀྱང་། རྒྱ་ནག་གཞུང་གིས་སྨན་གྱི་རྒྱུ་ཆ་མང་པོ་ཞིག་བཀག་སྡོམ་བྱེད་སྲིད་པར་ཡང་རྗོད་ཀྱི་ཡོད་པར་བརྟེན། རྒྱ་གར་གྱི་ངོས་ནས་གདོང་ལེན་བྱེད་ཐབས་བྱེད་དགོས་ཀྱི་ཡོད་པ་ཡང་རྗོད་ཀྱི་ཡོད་འདུག

གསར་འགོད་པ། བསོད་ནམས་ཕུན་ཚོགས།