རྒྱ་དཀར་ནག་གཉིས་ས་མཚམས་ཀྱི་རྩོད་རྙོག་མེད་པར་ཞི་བདེའི་ངང་གནས་དགོས་པར་བརྗོད་འདུག

རྒྱ་གར་རྒྱལ་ཡོངས་ཀྱི་འོས་བསྡུ་བསླེབ་ལ་ཉེ་བའི་སྐབས་འདིར་རྒྱ་གར་གྱི་སྲིད་བློན་མོ་དྷི་ཡིས་རྒྱ་དཀར་ནག་གཉིས་བར་རྩོད་རྙོག་མེད་པར་ཞི་བདེའི་ངང་གནས་ཐབས་བྱེད་རྒྱུ་གལ་ཆེན་པོ་ཡིན་པར་བརྗོད་འདུག

ཕྱི་ཚེས་༡༢ ཉིན་བྷི་བྷི་སི་གསར་ཁང་གིས་གནས་ཚུལ་སྤེལ་གསལ་ལྟར་ན། ཁ་སང་གཟའ་ལྷག་པའི་ཉིན་ཨ་རི་དང་རྒྱ་གར་གྱི་གསར་ཁང་གསུམ་ཙམ་ཞིག་གིས་མོ་དྷི་ལ་བཅར་འདྲི་བྱས་ཡོད་འདུག་པ་དང་། དུས་རྒྱུན་སྲིད་བློན་མོ་དྷི་ནས་བཅར་འདྲི་དེ་ཙམ་དང་ལེན་བྱེད་ཀྱི་ཡོད་མི་འདུག ད་ཆར་འོས་བསྡུ་བསླེབ་ལ་ཉེ་བའི་སྐབས་འདིར་རྒྱ་གར་གྱི་ཕྱོགས་འགལ་སྲིད་དོན་ཚོགས་པས་ད་ལྟའི་གཞུང་འཛིན་ཚོགས་པས་རྒྱ་གར་གྱི་ས་ཆ་མང་པོ་ཞིག་རྒྱ་ནག་ལ་ཤོར་ཡོད་ཚུལ་རྗོད་ཀྱི་ཡོོད་པ་དང་སྟབས་བསྟུན། སྲིད་བློན་མོ་དྷི་ཡིས་རྒྱ་ནག་གིས་རྒྱ་གར་གྱི་ས་ཆ་བཙན་བཟུང་བྱས་ཡོད་མེད་གང་ཡང་བཤད་མི་འདུག་ཀྱང་། ཧིན་བོད་ས་མཚམས་སུ་རྒྱ་དཀར་ནག་བར་རྩོད་རྙོག་མེད་པར་ཞི་བདེའི་ངང་གནས་རྒྱུ་གལ་གནད་ཆེན་པོ་ཡིན་པར་བརྗོད་ཡོད་འདུག ཧིན་བོད་ས་མཚམས་སུ་སྤྱི་ལེ་༣༤༤༠ ཙམ་གྱི་ས་འདྲེས་ཡོད་འདུག་པ་དང་། འདས་པའི་ལོ་མང་རིང་ནས་རྒྱ་དཀར་ནག་གཉིས་བར་ས་མཚམས་སུ་རྩོད་རྙོག་ཡང་ཡང་བྱུང་ཡོད་ཅིང་། གདོང་ཐུག་བྱུང་ནས་རྒྱ་གར་དང་རྒྱ་ནག་གཉིས་ཀྱི་ཕྱོགས་སོ་སོའི་དམག་མི་ཡང་ཤི་རྨས་བྱུང་ཡོད། རྒྱུ་མཚན་དེ་དག་ལ་བརྟེན་ནས་སྲིད་བློན་མོ་དྷི་ཡིས་ངའི་རེ་བ་ལ་ཕྱོགས་གཉིས་ཀས་བཟང་ཕྱོགས་ཀྱི་ཐོག་ནས་གྲོས་མོལ་ཡོང་ཐབས་བྱེད་རྒྱུ་དང་། གྲོས་མོལ་གྱི་ལམ་ནས་དཀའ་ངལ་སེལ་ཐབས་བྱེད་རྒྱུ་ནི་ཨེ་ཤེ་ཡའི་ཁྱོན་ཡོངས་དང་འཛམ་གླིང་སྤྱིའི་བདེ་འཇགས་དང་འབྲེལ་བ་ཆགས་ཡོད་པར་བརྟེན། ས་མཚམས་ཀྱི་རྩོད་རྙོག་ཕྱོགས་གཉིས་ཀའི་ཐོག་ནས་གང་མགྱོགས་སེལ་ཐབས་བྱེད་རྒྱུ་ནི་གལ་ཆེན་པོ་རེད་ཅེས་བརྗོད་ཡོད་འདུག་ལ། དེ་བཞིན་རྒྱ་གར་ནི་ད་ཆར་ནུབ་ཕྱོགས་པའི་ཀུ་ཤུའི་བཟོ་གྲྭའི་ཚོང་གཉེར་ཁང་དང་མོ་ཊའི་བཟོ་གྲྭ་(Tesla)་སོགས་ཀྱི་བཟོ་གྲྭ་མང་པོ་ཞིག་གིས་མ་རྐང་འཛུགས་ཡུལ་གྱི་དམིགས་འབེན་ལྟ་བུར་གྱུར་ཡོད་པ་ནི། མ་འོངས་གོ་ལ་སྤྱི་ཡོངས་ཀྱི་དཔལ་འབྱོར་འཕེལ་རྒྱས་ལ་རྒྱ་གར་གྱི་ངོས་ནས་ཕན་ནུས་ཆེན་པོ་ཐོན་རྒྱུ་ཡིན་པར་ཡང་བརྗོད་འདུག དེ་སྔོན་ཕྱོགས་འགལ་སྲིད་དོན་ཚོགས་པས་གཞུང་འཛིན་ཚོགས་པ་ལ་རྒྱ་གར་གྱི་ས་ཆ་རྒྱ་ནག་ལ་ཤོར་བར་སྐྱོན་བརྗོད་བྱེད་དུས་རྒྱ་གར་གྱི་ནང་སྲིད་བློན་ཆེན་(Amit Shah)གྱིས་ས་ཆ་ཤོར་མེད་ཚུལ་བརྗོད་ཡོད་འདུག་ཀྱང་། ཕྱོགས་འགལ་ཚོགས་པས་སྐྱོན་བརྗོད་ཤུགས་ཆེན་བྱས་ཡོད་འདུག ཨ་རིའི་གསར་ཁང་(the American magazine Newsweek)ཟེར་བ་དེས་མོ་དྷིའི་བཞུགས་གནས་སུ་སྐར་མ་༩༠ རིང་བཅར་འདྲི་བྱས་ཡོད་འདུག་པ་དང་།  ཐེངས་འདིའི་བཅར་འདྲིའི་ནང་གནད་དོན་དུ་མ་ཞིག་གི་སྐོར་དྲིས་ཡོད་པ་དང་། གནད་དོན་གཅིག་ནི་རྒྱ་གར་ནང་གི་གྲངས་ཉུང་མི་རིགས་ཚོའི་གནད་དོན་དང་འབྲེལ་བའི་སྐོར་བཅར་འདྲི་བྱས་ཡོད་འདུག  སྐབས་དེར་རྒྱ་གར་ནང་གི་ཁ་ཆེ་ཚོ་ལ་གཞུང་གིས་དམ་དྲག་བྱེད་ཀྱི་ཡོད་སྐོར་འདྲི་དུས་མོ་དྷི་ཡིས་ཁ་ཆེ་ཚོ་ལ་དམ་དྲག་བྱེད་ཀྱི་མེད་ཚུལ་དང་། གྲངས་ཉུང་མི་རིགས་ཚོ་རྒྱ་གར་ནང་སྐྱིད་པོ་ཡོད་ཚུལ་བརྗོད་ཡོད་འདུག དེ་བཞིན་དེ་སྔོན་(Media watchdog)ཟེར་བ་དེས་འདས་པའི་ལོ་གཉིས་ནང་གི་གསར་འགོད་རང་དབང་སྐོར་སྙན་ཐོ་ཞིག་བཏོན་ཡོད་པ་དང་། སྙན་ཐོ་དེའི་ནང་རྒྱལ་ཁབ་༡༨༠ ནས་རྒྱ་གར་གྱི་གསར་འགོད་རང་དབང་གི་ཚད་གཞི་༡༦༡ པ་དེ་ཡིན་པ་དང་། ཕྱོགས་འགལ་ཚོགས་པའི་འགོ་ཁྲིད་འགའ་ཤས་ཀྱང་འཛིན་བཟུང་བྱས་ཡོད་པའི་སྐོར་ལ་ཡང་དྲིས་ཡོད་འདུག་ཀྱང་། ལན་འདེབས་བྱས་མིན་གང་ཡང་བརྗོད་མི་འདུག 

གསར་འགོད་པ། བསོད་ནམས་ཕུན་ཚོགས།